༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ཉིན་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཛོ་བྷེ་ཌི་ཧྥོར་ཌི་ (Dr. Zoe Bedford) ལགས་ཀྱིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཝ་རན་ཨིན་ཆི་ (Warren Entsch) མཆོག་དང་མཇལ་འཕྲད་ཀྱིས་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་ཚོགས་གཏན་ཁེལ་བའི་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཉིན་མོའི་ལས་རིམ་ཁག་སྙན་སེང་ཞུས་ཡོད་ནའང་། ཕྱི་ཚེས་ ༠༨ ཉིན་ཨིན་ཡུལ་གྱི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་ (Queen Elizabeth) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བརྟེན་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་ཀྱི་ཚོགས་དུས་ཉིན་གྲངས་ ༡༥ རིང་ཕར་འགྱང་གནང་ཡོད་སྟབས། ཕྱི་ཟླ་ ༩ ཚེས་ ༡༢ ཉིན་ཚོགས་གཏན་ཁེལ་བའི་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཉིན་མོའི་ལས་རིམ་ཁག་ཀྱང་ཕར་འགྱང་བྱས་དགོས་བྱུང་ཡོད། དེ་བཞིན་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ཛོ་བྷེ་ཌི་ཧྥོར་ཌི་ལགས་ཀྱིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇམ་སི་པེ་ཊར་སན་ (James Peterson) མཆོག་དང་སྐུ་ཞབས་ཇར་ཌན་སི་ཊེ་ལི་ (Jordon Steele- John) མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་མཉམ་ཞུགས་གནང་བའི་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནེ་ཊི་རི་ཡི་སི་ (Janet Rice) མཆོག་དང་མཇལ་འཕྲད་ཞུས་གནང་ཡོད། བོད་དོན་ཞུ་གཏུག་གི་ཉིན་མོར་ལོ་ལྟར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཨོསྟྲེ་ལི་ཡཱའི་རྒྱལ་ས་ཁེན་བྷེ་ར་ཁུལ་དུ་མཉམ་འཛོམས་ཀྱིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་དང་བོད་དོན་སྐོར་གླེང་གནང་གི་ཡོད། འདས་པའི་ལོ་མང་རིང་ཨོསྟྲེ་ལི་ཡཱའི་བོད་རིགས་ཚོགས་པ་ཁག་གིས་བོད་དོན་ཞུ་གཏུག་གི་ཉིན་མོར་ལས་འགུལ་སྤེལ་ཡོད་པ་དང་། འདི་ལོར་ཨོསྟྲེ་ལི་ཡཱར་གནས་སྡོད་གཞོན་སྐྱེས་བོད་མི་གྲངས་ ༡༦ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་འབྱུང་འགྱུར་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གྲངས་ ༣༠ ལྷག་ལ་མཇལ་འཕྲད་ཀྱིས་ཨོསྟྲེ་ལི་ཡཱའི་གཞུང་གི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་དང་མཉམ་འབྲེལ་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཁག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་དུ་འཇུག་རྒྱུ་མེད་པའི་གཞུང་འབྲེལ་སྲིད་བྱུས་གཏན་འབེབས་གནང་དགོས་པའི་འབོད་སྐུལ་དང་། དེ་བཞིན་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་གནང་དགོས་པའི་འབོད་སྐུལ་ཞུ་གཏན་ཁེལ་ཡོད། འདི་ལོར་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་དང་ཨོསྟྲེ་ལི་ཡཱའི་བོད་རིགས་ཚོགས་པ་ཁག་མཉམ་འབྲེལ་གྱིས་བོད་དོན་ཞུ་གཏུག་གི་ཉིན་མོ་དབུ་འབྱེད་གནང་ནས་ལོ་ངོ་ ༡༡ འཁོར་བཞིན་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།