༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༥ ནས་ཕྱི་ཟླ་ ༡༠ ཚེས་ ༨ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་དང་། དེ་བཞིན་ཅི་ན་ཡི་ (Chennai) དང་། པོན་ཌི་ཅེ་རི། (Pondicherry) ར་མེ་ཤ་ཝ་རམ། (Rameswaram) མ་དུ་རཱ་ཡི། (Madurai) ཏི་རུ་པ་ཏི། (Tirupati) ཀན་ནེཡ་ཀུ་མ་རི་ (Kanyakumari) ཏི་རི་ཆི། (Trichi) ཀོ་ཅིན་ (Kochi) བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅི་ན་ཡི་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༧ ཉིན་ཅི་ན་ཡི་ནས་པོན་ཌི་ཅེ་རིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༨ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༩ ནས་ ༣༠ བར་ཀེ་ར་ལ་དང་། ཀོ་ཅིན་ཁུལ་ལ་ལས་རིམ། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཀོ་ཅིན་ནས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཕེབས་ཐོན་གྱིས། ཕྱི་ཚེས་ ༥ བར་ས་གནས་སུ་ལས་རིམ། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཕྱོགས་བཞུགས་གནང་རྒྱུ་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ཕྱི་ཚེས་ ༦ ཉིན་སྦེལ་ཀོབ་བདེ་སླར་གཞིས་ཆགས་ནས་སྦེང་ལོར་དང་ལྡི་ལི་བརྒྱུད་ཕྱི་ཚེས་ ༨ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །