༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མོན་ཡུལ་རིག་གཞུང་གཅེས་སྐྱོང་ཚོགས་པ་དང་། གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར་ཐུན་མོང་། སིཊ་ནི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཚོགས་ཁག་ལྔ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་རྒྱལ་སྒོ་རུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་སྤྱན་རྒྱ་སྤོས་འཛིན་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ་ནས་སྤོས་སྣེས་སྔུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ བློ་བཟང་བསྟན་འཛིན་མཆོག་གིས་མཇལ་དར་རྐྱང་འབུལ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་སོགས་གསུངས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་བརྟན་བཞུགས་ཀྱི་སྦྱིན་བདག་མོན་ཡུལ་རིག་གཞུང་གཅེས་སྐྱོང་ཚོགས་པ་དང་། གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར་ཐུན་མོང་། ཨོསྟྲེ་ལི་ཡཱའི་སིཊ་ནི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ས་ཁུལ་དེ་དག་ནས་དེ་རིང་དངོས་སུ་ཐོན་ཏེ་བརྟན་བཞུགས་ཕུལ་བ་དེ་ལྟར་རེད། གང་ལྟར་ངོས་ལ་བྱང་ཆུབ་སེམས་ཀྱི་མྱོང་བ་བཅོས་མ་ཞིག་སྐྱེས་ཡོད། བྱང་ཆུབ་སེམས་ཀྱི་མྱོང་བ་བཅོས་མ་ཞིག་ཡོད་པའི་ཐོག་ནས། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་ངོས་ཀྱིས་ཉིིན་ལྟར་སྨོན་ལམ་རྒྱག་གི་ཡོད།དེ་རིང་སྐབས་སུ་བབས་པ་ངོས་དང་ལས་དང་སྨོན་ལམ་གྱིས་འབྲེལ་བའི་༸རྒྱལ་དབང་གི་མིང་ཐོགས་མཁན་ཞིག་ལ་སྐྱེས། བོད་རྒྱ་ཆེའི་མི་མང་ལྟ་ཅི་སྨོས། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་དེ་དག་གིས་མཐའ་གཅིག་ཏུ་དད་མོས་ཆེན་པོ་བྱེད་ཀྱི་འདུག ཉེ་ཆར་ངོས་རང་ལ་དྭགས་ཀྱི་རྒྱལ་ས་གླེ་དང་ཟངས་དཀར་སོགས་ས་ཁུལ་ཁག་ཁ་ཤས་ལ་ཕྱིན་པ་ཡིན། མི་མང་ཚོའི་དད་འདུན་ཧ་ཅང་ཤུགས་ཆེན་པོ་རེད། འབྱུང་འགྱུར་མོན་ལ་འགྲོ་རྒྱུའི་འཆར་གཞི་འདིང་གི་ཡོད། འདིར་ཁྱོད་ཚོ་མོན་པ་ཁ་ཤས་སླེབས་ཡོད་པ་མ་ཟད་དངོས་གནས་དྲང་གནས་དད་དམ་གཡོ་བ་མེད་པ་རེད། དེར་བརྟེན་སྐྱེ་བ་འདིར་མཐོང་ཆོས་ལ་མི་མང་པོས་དགའ་མོས་བྱས་ཏེ། ངོས་ཀྱིས་བསྟན་པའི་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཐུབ་པ་མིག་མཐོང་ལག་ཟིན་དུ་ཡོད་པའི་སྐབས་སུ་ཚེ་རིང་དུ་གནས་རྒྱུ་ནི་རྒྱུ་མཚན་ལྡན་པ་རེད་ལ། འཕེན་པའང་གཏོང་གི་ཡོད། གང་ལྟར་ད་ལྟ་ལོ་བརྒྱད་ཅུ་གྱ་བདུན་རེད། ངོས་ཀྱིས་བརྟག་དཔྱད་བྱེད་ཡོང་དུས་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་འཚོ་ཐུབ་པའི་མཚན་མ་བརྟན་པོ་འདུག དེར་བརྟེན་ངོས་རང་འབྱུང་འགྱུར་ལོ་ཉི་ཤུ་ལྷག་ཙམ་འཚོ་ཐུབ་ཀྱི་རེད། དངོས་ཡོད་གནས་ཚུལ་ལ་ངོས་ཀྱིས་མི་མང་པོར་ཕན་ཐོགས་བྱེད་ཐུབ་པ་ཞིག་དང་། མདོར་ན་ནང་པ་མིན་པའི་མི་མང་པོ་ཞིག་ལའང་ཕན་ཐོགས་ཏོག་ཙམ་བྱེད་ཐུབ་པ་ཆགས་སྟབས། ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་བྱེད་ཀྱི་ཡིན་ཞེས་སྨོན་ལམ་བརྒྱབ། དམ་བཅའ་བཞག་ཡོད་མཁན་ཞིག་གིས་མཐོང་ཆོས་ལ་ཚེ་འདི་ལ་ཕན་ཐོགས་གང་ལ་གང་འཚམ་ཡོང་བཞིན་ཡོད་པར་བརྟེན་ཕན་ཐོགས་ཀྱི་གོ་སྐབས་ཡོད་པ་འདི་ག་ཚོད་རིང་རིང་འཚོ་ཐུབ་པ་ནི་རྒྱུ་མཚན་ལྡན་པའི་སྐད་ཆ་རེད། ཆབ་སྲིད་དང་དཔལ་འབྱོར་གྱི་ལས་ཀ་ལྟ་བུའི་སྐད་ཆ་མ་རེད། གཞན་ཕན་གྱི་བློ་ལྷག་བསམ་སྐྱེས་ནས་གང་ལ་གང་འཚམ་ཕན་ཐོགས་ཡོང་ཐུབ་པ་ཞིག་ཡོད་སྟབས། ཚེ་འདི་རིང་དུ་གནས་པའི་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད། ཁྱོད་རང་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག་ཨང་།
དེ་རིང་འདིར་སྒྲོལ་དཀར་གྱི་ཚེ་སྒྲུབ་དང་འབྲེལ་བའི་ཐོག་ནས་བརྟན་བཞུགས་གནང་གི་ཡོད་པ་རེད། ལྷག་པའི་ལྷ་ཐུན་མོང་མ་ཡིན་པ་རེད། ངོས་ཀྱིས་ཉིན་ལྟར་སྒྲོལ་དཀར་གྱི་ཚེ་སྒྲུབ་འདོན་གྱི་ཡོད། དེ་རིང་འདིར་ཚེ་སྒྲུབ་གནང་རྒྱུ་ལ་ཁྱོད་ཚོས་སྨོན་ལམ་ཡག་པོ་ཞིག་སྐྱོན། ངོས་ཀྱིས་རྡོ་རྗེ་ཕ་ལམ་ནང་བཞིན་འཕེན་པ་བརྟན་པོ་བཟུང་བཞིན་ཡོད། ཁྱོད་རང་ཚོ་ཚང་མ་བློ་བདེ་པོར་བཞུགས་ཤོག་ཨང་། བཀྲ་ཤིས་བདེ་ལེགས། ཞེས་དང་།དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སླར་ཡང་བཀའ་སློབ་སྩལ་དོན། ཉེ་ཆར་ངོས་རང་ལ་དྭགས་གླེ་དང་ཟངས་དཀར་དུ་འགྲོ་དུས་མི་མང་རྣམས་བོད་རྒྱ་ཆེ་མི་མང་གི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པས་དད་པ་དང་དམ་ཚིག་གཡོ་བ་མེད་པ་འདུག བོད་ནང་དུ་བཙན་དབང་འོག་ཚུད་པའི་རྒྱ་ཆེའི་མི་མང་རྣམས་ངོས་ལ་བརྒྱ་ཆ་བརྒྱ་ཐམ་པ་དད་པ་དང་མོས་པ། ཡིད་ཆེས་རྩེ་གཅིག་ཏུ་ཡོད་པ་ཆགས་ཡོད། དེང་སང་རྒྱ་ནག་ཏུའང་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་ཏེ་ནང་ཆོས་བཤད་དུས་དེ་སྔ་ཏཱ་ལའི་བླ་མ་ལོག་སྤྱོད་པ་ཞེས་བཤད་པ་དེ་ལོག་སྤྱོད་པ་རང་རེད་མི་འདུག་ཟེར་བ་ལྟ་བུ་གང་ལྟར་དགའ་པོ་བྱེད་མཁན་མང་དུ་འགྲོ་བཞིན་འདུག མཐོང་ཆོས་ལ་མི་མང་པོར་ཕན་གྱི་ཡོད་པར་བརྟེན་ངོས་ཀྱིས་ཀྱང་སྙིང་སྟོབས་སྐྱེས་ཏེ་ཚེ་ཡུན་དུ་བརྟན་པའི་ཐོག་ནས་འཕགས་ཡུལ་རྒྱ་གར་ཙམ་དུ་མ་ཟད། རྒྱ་ནག བོད་ཁ་བ་གངས་ཅན་གྱི་མི་ཙམ་མ་ཡིན་པར་ཡུལ་ལྷ་གཞི་བདག་ཚང་མ་དངོས་གནས་དྲང་གནས་ངོས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་རྨི་ལམ་སོགས་སུ་གནས་ཚུལ་གསལ་པོ་ཡོང་གི་འདུག དངོས་ཡོད་གནས་ཚུལ་ལ་མི་མང་པོ་ཞིག་ལ་ཕན་གྱི་ཡོད་པ་རེད། དེར་བརྟེན་ཕན་ས་དེར་བསམ་བློ་གང་ཡང་མེད་པར་གཞན་ཞིག་ལ་ཕན་གྱི་ཡིན་ཟེར་ན་ཆོ་གང་ཡང་མི་འདུག ད་ལྟ་འདིར་ཁ་ཡོད་ལག་ཡོད་ལ་མི་ཙམ་མིན་པར་ཡུལ་ལྷ་གཞི་བདག་མཚོན་པའི་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག
མདོ་སྨད་ནས་སྐྱེས་པའི་ཨ་མདོ་ལྷ་མོ་དོན་གྲུབ་ཀྱིས་ལས་དང་སྨོན་ལམ་གྱིས་ཐོག་ནས་ལྷ་འདྲེ་མི་གསུམ་མང་པོ་ཞིག་ལ་ཕན་ཐོགས་ཡོང་བཞིན་པ་ཞིག་ཆགས་འདུག དེར་བརྟེན་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་ཀྱི་ཡིན། ཞེས་སྨོན་ལམ་རྒྱག་བཞིན་ཡོད། ཁ་ཡོད་ལག་ཡོད་ལ་མི་ཚེ་འདིར་མཐོང་ཆོས་སུ་ལྷ་དང་ཀླུ། གཞི་བདག་སོགས་མང་པོ་ཞིག་ལ་ཕན་གྱི་ཡོད། ངོས་ཀྱི་ལུས་པོ་ཧ་ཅང་ཡག་པོ་ཡོད། ཉེ་ཆར་ལྡི་ལིའི་སྨན་ཁང་དུ་བརྟག་དཔྱད་སྐབས་གཟུགས་པོའི་པུས་མོ་ཕུད་གཞན་རྣམས་ཡག་ཐག་ཆོད་འདུག ཅེས་བརྗོད་ཀྱི་འདུག ངོས་རང་འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུ་ཕལ་ཆེར་སྡོད་ཀྱི་རེད། མཁྱེན་སོང་ངམ། པུས་མོ་ཕྲན་བུ་མི་བདེ་བ་ཡོད་ནའང་ཁ་བདེ་ཐག་གཅོད་བྱས་ནས་སྡོད་ཀྱི་རེད། ཁྱོད་རང་ཚོས་དེ་རིང་བརྟན་བཞུགས་གནང་སྟེ་སྨོན་ལམ་བཏབ་པ་རེད། ཁྱེད་རང་ཚོས་སྨོན་ལམ་ཇི་ལྟར་བཏབ་པ་ནང་བཞིན་སྨོན་ལམ་དེ་དེ་བཞིན་དུ་འགྲུབ་རྒྱུ་ངོས་ཀྱིས་ཚོད་ཐིག་གི་འདུག ཁྱེད་རང་ཚང་མ་བློ་བདེ་བོ་བྱས་ཏེ་བཞུགས་ཨང་། བོད་བྱང་བརྒྱུད་མོན་ནས་བཟུང་ཁྱོད་རང་ཚོ་གཙོ་བོར་གྱུར་པའི་མདོ་དོན་བོད་ཆོལ་ཁ་གསུམ་གྱི་མི་མང་ཡོངས་ལ་ངོས་ཀྱིས་སྔོན་གྱི་སྨོན་ལམ་དང་ལས་སྨོན་གྱི་འབྲེལ་བའི་ཐོག་ནས་དུས་ཡུན་དེའི་རིང་བོད་བསྟན་སྲིད་ཀྱི་ཞབས་འདེགས་ངོ་སོ་ཐོན་པ་ཕལ་ཆེར་བསྒྲུབས་ཡོད། སླད་ཀྱང་ཚེ་རབས་ནས་ཚེ་རབས་གཞན་དོན་དང་བསྟན་པའི་དོན་ཆེན་སྒྲུབ་རྒྱུའི་སྨོན་ལམ་ཉིན་ལྟར་རྒྱག་གི་ཡོད། ད་ལྟ་དངོས་ཡོད་གནས་ཚུལ་དང་ཁ་ཡོད་ལག་ཡོད་ལ་བསྟན་དང་འགྲོ་བའི་དོན་དུ་ཞབས་འདེགས་སྒྲུབ་ཀྱི་ཡོད་སྟབས། དེ་མུ་མཐུད་ལོ་བཅུ་ཕྲག་ཁ་ཤས་སྡོད་ཐུབ་པའི་ཡིད་ཆེས་ཡོད་པ་མ་ཟད། སྨོན་ལམ་ཡང་རྒྱག་གི་ཡོད། འཕགས་མ་ཡེ་ཤེས་འཁོར་ལོ་མཚོན་པའི་འཇིག་རྟེན་ལས་འདས་པའི་སྲུང་མ་ཙམ་མ་ཟད། འཇིག་རྟེན་པའི་སྲུང་མ་བོད་སྐྱོང་ལྷ་ཀླུ་མི་བཙན་ཐམས་ཅད་ཀྱིས་ཀྱང་ངོས་ལ་དགའ་མོས་བྱེད་ཀྱི་ཡོད་པ་མཐོང་ཆོས་སུ་འདུག དེར་བརྟེན་ཚུར་རེ་བ་དེ་ཙམ་བརྒྱབ་པར་བརྟེན་ངོས་ཀྱང་སྙིང་སྟོབས་འཕར་ནས་འབྱུང་འགྱུར་གོང་དུ་བརྗོད་པ་བཞིན་ལོ་བཅོ་ལྔ་ཉི་ཤུའི་རིང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ལྷག་པར་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་བསྟན་པ་ཆ་ཚང་བ་དང་ཧ་ཅང་སྤུས་དག་པོ་ཡོད་པ་འདི་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་དང་། འཛམ་བུ་གླིང་ལ་ངོམ་ཆོག་པ་ཞིག་རེད།
ད་ཕན་ཆོས་དད་མེད་མཁན་དང་ཆོས་ལུགས་འདྲ་མིན་གྱིས་ཀྱང་དགའ་མོས་བྱེད་བཞིན་ཡོད། མིག་མཐོང་ལག་ཟིན་གྱི་ཕན་ཐོགས་ཡོང་བཞིན་པར་བརྟེན་ཇི་ཙམ་ཡུན་གནས་ཐུབ་ན། ངོས་ལ་མཚོན་ནའང་ཚོགས་གསོག་གི་ཡོད་པ་མ་ཟད། གཞན་ལའང་ཚོགས་བསག་སྒྲིབ་སྦྱོང་ཡོང་བའི་རྐྱེན་དུ་འགྲོ་གི་ཡོད། དེ་རིང་འདིར་དད་ལྡན་རྣམ་པས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་དང་ཚེ་སྲུང་བསགས་ནས་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་གི་ཡིན། ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། བརྟན་བཞུགས་འབུལ་མཁན་ཁག་ལྔ་ཡོད་པ་དེ་དག་གོང་དུ་བཀླགས་ཟིན་པ་རེད། ཁྱེད་རང་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན།བོད་དང་རྒྱ་ནག་ནང་ནད་ཡམས་སྐོར་ཧ་ཅང་དམ་བསྒྲགས་བྱེད་ཀྱི་འདུག དེ་རིང་གི་དགེ་བའི་རྩ་བ་གང་ཙམ་ཞིག་བོད་ནང་ནད་ཡམས་སོགས་ཀྱི་རྐྱེན་ངན་ཟློག་ཐུབ་པ་ཞིག་དང་། རྐྱེན་ངན་ཞི་བར་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོ་ཚང་མས་སྨོན་ལམ་སྐྱོན་ཤོག དེང་སྐབས་རྒྱ་ནག་ནང་དུའང་ནམ་ཡམས་འདི་གང་ཙམ་གཞི་ལྕི་པོ་ཡོད་སྐོར་བརྗོད་ཀྱི་འདུག རྒྱ་ནག་ནང་དུ་ནང་ཧ་ཅང་མང་པོ་ཡོད་སྟབས། དེ་རིང་འདིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བའི་ཐོག་ནས་ང་ཚོ་ཚང་མས་གཟུངས་སྔགས་བསགས་ནས་སྨོན་ལམ་རྒྱག་གི་ཡོད་སྟབས། བོད་གངས་ཅན་ཙམ་དུ་མ་ཟད་རྒྱ་ནག་ནང་དུའང་འདི་ལྟ་བུའི་ནད་ཡམས་ལ་བརྟེན་ནས་དངངས་སྐྲག་སྐྱེ་རྒྱུ་རིགས་མགྱོགས་ནས་མྱུར་དུ་ཞི་ཐུབ་པ་དང་། རྒྱ་ནག་ནང་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པར་འཕགས་མ་སྒྲོལ་མའི་བྱིན་རླབས་གནང་ཤོག་ཅེས་ཞུ་གི་ཡོད།
དེ་བཞིན་འཕགས་པ་སྤྱན་རས་གཟིགས་ནི་བོད་གངས་ཅན་གྱི་ལྷ་སྐལ་རེད། བོད་ནང་རང་དབང་སླར་གསོ་བྱས་ནས་ང་ཚོའི་ཆོས་དང་རིག་གཞུང་དེ་དག་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱེད་ཐུབ་པར་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད་ལ། ཕལ་ཆེར་ཡོང་གི་རེད། གཞན་སུ་ཞིག་ལ་གནོད་པའི་ལས་ཀ་གང་ཡང་མིན་པར་ཀུན་ལ་ཕན་པ་ཞིག་རེད། འདི་ནི་རྒྱ་མི་དང་བོད་པ་གཉིས་ཀར་ཕན་གྱི་ཡོད་པ་རེད། རྒྱ་ནག་ནང་སེམས་ཁམས་རིག་པའི་ཐོག་ནས་ཞི་འཇམ་བྱུང་ན་དེའི་གཡས་གཡོན་ཚང་མར་ཕན་གྱི་རེད། འཕགས་མ་སྒྲོལ་མ་དང་ཐུགས་རྗེ་ཆེན་པོས་བྱིན་རླབས་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད། ཁྱེད་རང་ཚོས་དེ་དེ་བཞིན་ཐུགས་སྨོན་གནང་ཤོག་ཨང་།
ནད་ཡམས་སྐོར་གོང་དུ་ཞུས་ཟིན་པ་རེད། འཛམ་གླིང་སྤྱི་ལ་འདི་འདྲའི་གནས་ཚུལ་འདུག ཡུལ་གྲུ་སོ་སོས་སྒྲོལ་མའི་གཟུངས་སྔགས་ཕྲན་བུ་བསག་པ་ཡིན་ན། ཡམས་ནད་སོགས་ཉུང་དུ་འགྲོ་བར་ཏན་ཏན་ཕན་གྱི་རེད། སྒྲོལ་མའི་གཟུངས་སྔགས་ཀྱིས་ནད་ཡམས་སོགས་ཞི་བ་དང་ཚེ་རིང་དུ་བསྲིངས་བ། བྱ་བ་ལམ་འགྲོ་ཡོང་རྒྱུ་སོགས་གང་ལྟར་བརྒྱ་གོ་གཅིག་ཆོད་ལྟ་བུ་རེད། ཕན་ཐོགས་ཧ་ཅང་ཡོད་པ་རེད། བོད་ནང་ཡོད་པའི་རྒྱ་ཆེ་མི་མང་དང་རྒྱ་ནག་ནང་སངས་རྒྱས་ཀྱི་ཆོས་ལ་དད་མོས་ཡོད་པ་དེ་དག་ཚང་མས་འདི་སེམས་ལ་བཅངས་ནས་སྒྲོལ་མའི་གཟུངས་སྔགས་གང་ཐུབ་བསགས་རོགས་ཞེས་ངོས་ཀྱིས་འབོད་སྐུལ་བྱེད་ཀྱི་ཡོད།
ང་ཚོ་བོད་པ་ཚོ་ཆུང་ཆུང་སྐབས་ནས་མ་ཎི་འདོན་པའི་གོམས་གཤིས་ཡོད་པ་རེད། ངོས་ལ་མཚོན་ན་ཞོགས་པར་རྟེན་འབྲེལ་བསྟོད་པ་བཏོན་རྗེས་མ་ཎི་ཕྲེང་སྐོར་གཅིག་གཉིས་འཆར་ཅན་བགྲང་གི་ཡོད། སྤྱིར་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་རེད། འཛམ་གླིང་འདིའི་སྟེང་བྱམས་བརྩེ་ཇི་ཙམ་བྱུང་ན་འཛམ་གླིང་ཞི་བདེ་ཡོང་བ་དང་ཀུན་ལ་ཕན་གྱི་རེད། དེ་འདྲའི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ནི་སྤྱིར་འཛམ་གླིང་ཞི་བདེ་དང་། ཡང་སྒོས་བོད་ཀྱི་ལྷ་སྐལ་ཆགས་ཡོད་སྟབས། ངོས་ཀྱིས་ཉིན་ལྟར་མ་ཎི་ཕྲེང་སྐོར་གཅིག་གཉིས་འཆར་ཅན་བགྲང་གི་ཡོད། ངོས་རང་འཕགས་པ་སྤྱན་རས་གཟིགས་དང་ཚེ་རབས་ནས་ལས་འབྲེལ་ཡོད་པ་ཞིག་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་བཤད་བཞིན་པ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་སྐུ་ཚབ། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་ལྟ་བུ་བྱེད་བཞིན་ཡོད། ད་བར་དུས་ཚོད་ཧ་ཅང་ཁག་པོ་ཞིག་གི་སྐབས་སུ་ངོས་ཀྱིས་༸རྒྱལ་དབང་གོང་མ་ཚོའི་མཛད་པ་རྣམ་ཐར་ཐུགས་རྗེ་ཆེན་པོའི་དགོངས་པ་ནང་བཞིན་གང་ཙམ་བསྒྲུབས་ཡོད། འདི་ནི་འཕགས་པ་ཐུགས་རྗེ་ཆེན་པོ་དང་རྗེ་བཙུན་མ་ཡེ་ཤེས་འཁོར་ལོ། དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས་དགྱེས་པའི་མཆོད་པ་ཡིན། ངོས་ཀྱིས་ཀུན་ལ་ཕན་སེམས་བྱེད་ཀྱི་ཡོད་མ་གཏོགས་ཕྱོགས་གཅིག་རྒྱལ་ཕྱོགས་གཅིག་ཕམ་ཞེས་བཤད་ཀྱི་མེད། ཆོས་སྐྱོང་སྲུང་མ་ཚོ་ཡིན་ནའང་ཀུན་ལ་ཕན་པ་བསྒྲུབ་རྒྱུ་རེད།
ཁག་གཅིག་གིས་མ་ཎིའི་ལུང་འདོན་རོགས་ཞེས་བརྗོད་པ་འདི་ཡག་པོ་འདུག ང་ཚོས་ཆུང་ཆུང་སྐབས་ནས་མ་ཎི་བགྲང་བཞིན་ཡོད། འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་རེད། བོད་རིགས་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་བསླབས་མི་དགོས་པར་མ་ཎི་བགྲང་གི་ཡོད་པ་རེད། ངོས་ལ་ཆ་བཞག་ན་ཉིན་ལྟར་གཟུངས་སྔགས་ཡིག་དྲུག་བགྲང་གི་ཡོད། སེམས་ལ་ཏན་ཏན་བྱང་ཆུབ་ཀྱི་སེམས་མ་སྐྱེ་བ་སྐྱེ། སྐྱེ་བ་གོང་ནས་གོང་དུ་འཕེལ་བར་ཏན་ཏན་ཕན་ཐོགས་ཡོད་པ་ལྟ་བུ་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། །