༄༅། །བེལ་ཇམ་གྱི་སྐྱབས་བཅོལ་བའི་གོམ་བགྲོད་ཅེས་པའི་ལས་འགུལ་ནང་བོད་མི་ཐོག་མར་མཉམ་ཞུགས་གནང་འདུག དེ་ཡང་ཧྤེ་ལེན་ཊར་གྱི་སྐྱབས་བཅོལ་བའི་གོམ་བགྲོད་ཅེས་པའི་ཚོགས་པས་གོ་སྒྲིག་ཞུ་བཞིན་པའི་འདི་ལོའི་ལས་འགུལ་ནང་རུ་ཁག་ ༢༨༠ ནས་མི་གྲངས་ ༡༥༨༣ མཉམ་ཞུགས་གནང་གནང་འདུག་ཅིང་། འདི་ལོར་ལོ་རྒྱུས་ཐོག་ཆེས་ཐོག་མ་བོད་མིའི་རུ་ཁག་ལས་འགུལ་དེའི་ནང་མཉམ་ཞུགས་གནང་འདུག
བོད་མིའི་རུ་ཁག་ནང་བེལ་ཇམ་ཁུལ་གྱི་བོད་མི་གྲངས་ ༠༨ མཉམ་ཞུགས་ཀྱིས་འཛམ་གླིང་ནང་གི་སྐྱབས་བཅོལ་བ་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུས་འདུག་པ་མ་ཟད། ལས་འགུལ་ནང་རླུང་རྟ་ཚོགས་པའི་ཚོགས་གཙོ་ཧན་ཝན་ཊི་ན་བྷི་ལི་ (Han Vandenabeel) ལགས་ཀྱང་མཉམ་ཞུགས་གནང་འདུག རླུང་རྟའི་རེ་སྐུལ་ལྟར་བེལ་ཇམ་སྐུ་ཚབ་དོན་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བོད་མིའི་སྐུ་ཚབ་རྣམས་ལ་བསྔགས་བརྗོད་ཀྱི་འཕྲིན་ཡིག་ཞིག་གནང་འདུག་པའི་ནང་། སྐྱབས་བཅོལ་བའི་གོམ་བགྲོད་ཅེས་པའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དང་། དེའི་སྣེ་འཁྲིད་པ་རླུང་རྟ་ཚོགས་པ། དེ་བཞིན་བེལ་ཇམ་བོད་མི་རྣམས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
ལས་འགུལ་བ་རྣམས་སྐྱེད་ཚལ་དང་། གྲོང་གསེབ་ཁག་བརྒྱུད་གོམ་བགྲོད་གནང་འདུག་པ་དང་། བོད་མིའི་སྐུ་ཚབ་རྣམས་ནས་ཁྱོན་ཀི་ལོ་མི་ཊར་ ༢༠ གོམ་བགྲོད་གནང་འདུག སྤྱིར་ཧྤེ་ལན་ཊར་གྱི་སྐྱབས་བཅོལ་བའི་གོམ་བགྲོད་ལས་འགུལ་གྱིས་དམག་དང་། དྲག་རྩུབ། མནར་གཅོད་ལས་བྲོས་མཁན་སྐྱབས་བཅོལ་བ་རྣམས་ལ་རོགས་སྐྱོར་དང་། དེ་བཞིན་སྲིད་བྱུས་དང་མི་མང་གི་ལྟ་ཚུལ་བསྒྱུར་བཅོས་གཏོང་ཐབས་སུ་འབད་རྩོལ་ཞུ་གི་ཡོད་པ་བཅས།།