༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༦ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་བསྒྲིལ་གནང་བ་དང་། དེ་རིང་ལས་ཉིན་མཐའ་མའི་སྐབས་ཕྱི་དྲིལ་ལས་ཁུངས་དང་། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དང་། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་གཅིག་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཅིག་སྤྱི་མོས་དང་། བཟོ་བཅོས་གྲོས་འཆར་གཅིག་མང་མོས་ཐོག་གཏན་འབེབས་གནང་སོང་།དེ་ཡང་སྔ་དྲོ་ཐོག་མར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་་་༢༠༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་ཀྱིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་།སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་སྣར་ཐང་པར་ཁང་གནས་སྟངས་སྐོར་དང་། ཕྱི་རྒྱལ་གསར་འགྱུར་ཁག་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་འཁོད་ཐབས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚན་པའི་ལས་དོན་སྐོར། བོད་ཀྱི་ལོ་རྒྱུས་ཚོགས་འདུ་མུ་མཐུད་གོ་སྒྲིག་ཞུ་དགོས་གལ། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ (Resolve Tibet Act) རྒྱབ་སྐྱོར་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་གནང་བའི་ཐོག་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་ཐབས་སུ་ཚང་མས་མུ་མཐུད་ཞུ་སྐུལ་གནང་དགོས་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བར། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་བ་དང་།དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་་་༢༠༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། དེ་བཞིན་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་། སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་བོད་ཀྱི་སྨན་རྩིས་ཁང་གི་མིང་བསྒྱུར་བ་བཏང་བའི་སྐོར་དང་། བོད་ཀྱི་གསོ་བ་རིག་པའི་གནས་སྟངས་སྐོར། སྨན་བཅོས་བལྟ་སྐྱོང་ལས་གཞི་དང་འབྲེལ་བའི་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་སོང་།ཉིན་རྒྱབ་ཡིག་ཆ་ཨང་། ༤༡ བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་ལྔ་པའི་ནང་གསེས་ ༡ པོ། ནང་གསེས་ ༢ པའི་ཀ་དང་། ཁ དོན་ཚན་དྲུག་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་བདུན་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་དགུ་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ པ། ནང་གསེས་ ༦ པ། དོན་ཚན་བཅུ་པའི་ནང་གསེས་ ༥ པ་དང་། ནང་གསེས་ ༦ པ། ནང་གསེས་ ༧ པ། དོན་ཚན་བཅུ་གཅིག་པའི་ནང་གསེས་ ༡ པོ། ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ པ། དོན་ཚན་བཅུ་གཉིས་པའི་ནང་གསེས་ནང་གསེས་ ༡ པོ་དང་། ནང་གསེས་ ༣ པ། ནང་གསེས་ ༤ པ། དོན་ཚན་བཅུ་གསུམ་པའི་ནང་གསེས་ ༢ པ། དོན་ཚན་བཅུ་བཞི་པའི་ནང་གསེས་ ༥ པ་བཅས་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་སོང་།དེ་རྗེས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་དང་ལས་བྱེད་རིམ་བྱོན། ཁྱབ་ཁོངས་སློབ་གྲྭ་ཁག་ནང་ཕྱག་ལས་གནང་མཁན་གྱི་དགེ་ལས་འདས་གསོན་ཡོངས་ཀྱིས་བོད་རིགས་གཞོན་སྐྱེས་རྣམས་ལ་ཤེས་ཡོན་སྦྱོར་སྤྲོད་དང་། མཐུན་འགྱུར་རོགས་ཕན་མཛད་མེད་གནང་བའི་འབྲེལ་ཐོགས་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གྲོས་འཆར་ཞིག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཏོན་གནང་བར། ཤེས་རིག་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཇི་ཆགས་རྟོག་ཞིབ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོའི་མཐའ་བསྡོམས་རྒྱབ་གཉེར་ནང་གསལ་ཁག་གཞི་རྩར་བཟུང་ནས་འཛིན་སྐྱོང་ནས་མུ་མཐུད་མཇུག་སྐྱོང་གནང་ཕྱོགས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མལགས་ཀྱིས་བཏོན་གནང་བར། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྒྱབ་སྐྱོར་གནང་བ་དང་།དེར་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་བཟོ་བཅོས་གྲོས་འཆར་བཏོན་གནང་བའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། རིམ་པས་བཟོ་བཅོས་གྲོས་འཆར་དེ་བཞིན་མང་མོས་ཐོག་གཏན་འབེབས་གནང་སོང་། མཐར་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་དགོངས་ཤོག་ཁག་སྙན་སྒྲོན་དང་། དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་བཞི་པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་བསྒྲིལ་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།