༄༅། །སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༠༧ རེས་གཟའ་ལྷག་པ་ནས་ཟླ་ ༩ ཚེས་ ༡༦ རེས་གཟའ་པ་སངས་བར་ལས་ཉིན་དགུའི་རིང་གི་ལྷན་ཚོགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༠༡།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན།
ལྷར་བཅས་སྲི་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་བླང་དོར་ལམ་སྟོན་པ། བོད་མིའི་ཆིག་སྒྲིལ་དང་དེའི་མཚོན་རྟགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་བཅས་ལ་ཚོགས་གཙོ་ངོས་ནས་ཐོག་མར་མཛའ་བརྩེ་ལྡན་པའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ཁག་གཅིག་གིས་བརྟན་བཞུགས་བསྟར་འབུལ་ཞུས་པའི་བསྐལ་པ་བཟང་པོ་བྱུང་བ་དང་ལྷན་གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསེར་ཞལ་དངོས་སུ་མཇལ་རྒྱུའི་སྐལ་བཟང་བྱུང་བ་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་དགུང་ལོ་བཅུ་ཕྲག་གཉིས་ལྷག་སྐུ་འཚོ་བཞུགས་ཡོང་བའི་ཡིད་ཆེས་དང་མཚན་མ་ཡོད་པ་བཀའ་གསལ་པོ་ཕེབས་ཡོད། ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་གཟུགས་བརྟག་དཔྱད་གནང་བའི་སྐབས་སུ་སྐུ་གཟུགས་ཀྱི་འཕྲོད་བསྟེན་དང་གནས་བབ་ཧ་ཅང་བཟང་པོ་ཡོད་པའི་བཀའ་བཟང་ཕེབས་པ་འདི་དེ་རིང་ང་ཚོ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་སོང་སྙམ་པའི་ཚོར་བ་བྱུང་། སྤྱིར་རྣམ་པ་ཚོ་དང་རྒྱ་ཆེ་མི་མང་གི་མཁྱེན་གྱི་ཡོད་ནའང་གལ་ཆེན་པོའི་ཐོག་ནས་གསལ་འདེབས་ཞུ་ན་བསམ་སོང་།
ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཡོངས་ལ་མང་གཙོ་གསོལ་སྩལ་མཛད་ནས་དུས་ཆེན་ཐེངས་ ༦༢ ཚོགས་ཟིན་ཙམ་རེད། དེར་བརྟེན་ང་ཚོའི་ཆབ་སྲིད་གནས་བབ་དང་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་གྲོས་ཚོགས་ཀྱི་གཏམ་བཤད་ནང་གསལ་པོ་ཡོད་པ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་གཏམ་བཤད་ནང་དུའང་གསལ་པོ་འཁོད་ཡོད། དེ་རིང་འདིར་འཛོམས་པའི་གྲོས་ཚོགས་འཐུས་མི་ཚང་མ་མི་མང་གིས་དངོས་སུ་འོས་བླུགས་པ་དང་གྲོས་ཚོགས་ཀྱི་བརྒྱུད་ནས་འགན་བསྐུར་བ་ཤ་སྟག་ཆགས་ཡོད། མི་མང་གིས་འོས་བསྡུ་བྱས་ནས་ཡོང་བ་ཆགས་ཡོད། དེར་བརྟེན་མང་གཙོའི་ལྟ་གྲུབ་ཐོག་ཡིད་ཆེས་དང་ངེས་པ་གང་ཙམ་རྙེད་དགོས་པའི་གནས་སྟངས་ཆགས་ཡོད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ནང་ནས་ཆོས་དང་ཆབ་སྲིད། སྤྱི་ཚོགས་ཀྱི་གནས་དོན་སོགས་མཛད་འཕྲིན་རྒྱ་ཆེན་པོ་མང་དག་ཅིག་ཡོད་པའི་ཁོངས་ནས་འཛམ་གླིང་སྤྱི་ལ་ཆབ་སྲིད་ཀྱི་ལམ་སྟོན་མང་པོ་ཡོད། ལྷག་པར་བོད་མིར་ཆབ་སྲིད་ཀྱི་ལམ་སྟོན་དང་། དེའི་ནང་ནས་མང་གཙོ་གསོལ་སྩལ་མཛད་པ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་གཅིག་ཡིན་ཞེས་བཀའ་སློབ་སྔ་རྗེས་མང་པོ་ཕེབས་ཡོད། རྣམ་པ་ཚོ་ལའང་ངེས་ཤེས་སྐྱེས་ཡོད་རེད་བསམ་གྱི་ཡོད། དེ་འདྲའི་ལས་ཀ་ལས་པའི་བརྒྱུད་རིམ་ནས་ལྟ་ཡོང་དུས། ང་ཚོས་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་འཚོལ་དགོས་ཀྱི་ཡོད་ནའང་འདྲ་འདུག དེ་བཞིན་དཔལ་འབྱོར་གནས་བབ་ཀྱི་ཐོག་ནས་རོགས་ཚོགས་འཚོལ་དགོས་ཀྱི་ཡོད་ནའང་འདྲ་འདུག འཐབ་རྩོད་ཀྱི་གནས་བབ་ཡིན་ནའང་འདྲ་འདུག ང་ཚོའི་སྒྲིག་འཛུགས་ཀྱི་གནས་བབ་ཡིན་ནའང་འདྲ། གང་ལྟར་མུ་མཐུད་གནས་ཐུབ་པའི་སྲོག་ཤིང་ལྟ་བུ་ནི་མང་གཙོ་ཧ་ཅང་གལ་ཆེན་པོ་ཆགས་འདུག
སྤྱིར་མང་གཙོའི་ནང་གྲོས་ཚོགས་ཀྱི་ལམ་ལུགས་དང་། སྲིད་འཛིན་གྱི་ལམ་ལུགས་ཟེར་བ། དེ་བཞིན་སྔོན་མའི་དུས་སུ་ཐད་ཀའི་མང་གཙོ་དང་། བརྒྱུད་ནས་མང་གཙོ་ཟེར་བ་ལྟ་བུ་བྱུང་རིམ་གྱི་ཐོག་ནས་འཆད་སྟངས་ཡོང་བཞིན་འདུག འོན་ཀྱང་ང་ཚོ་སྐུ་ཚབ་ཀྱི་མང་གཙོ་ཆགས་ཀྱི་ཡོད། དེའི་ནང་ནས་གྲོས་ཚོགས་ཀྱི་ལམ་ལུགས་དང་། སྲིད་འཛིན་གྱི་ལམ་ལུགས་གཉིས་ཀྱི་ཐོག་ནས་ལེགས་ཆ་ཞིག་ཡོད་པ། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་སམ་མང་ཚོགས་ལ་བརྟེན་ནས་མང་གཙོའི་སྒྲོམ་གཞི་འདི་ཧ་ལས་པའི་ཡག་པོ་བྱུང་འདུག་སྙམ་པའི་ངེས་ཤེས་ཡོང་གི་འདུག དེ་འདྲའི་ཐོག་ནས་མང་གཙོའི་སྤྱི་ཚོགས་རེད། མང་གཙོའི་སྒྲིག་འཛུགས་ནང་ལྟ་གྲུབ་མི་འདྲ་བ་ཡོང་ཆོག་གི་ཡོད། ཡོང་རྒྱུར་སྡིངས་ཆ་སྐྲུན་དགོས་ཀྱི་ཡོད་ནའང་སོ་སོའི་མི་རིགས་དང་རྒྱལ་ཁབ་ཐོག་ལ་སླེབ་ཡོང་དུས། ཆབ་སྲིད་ཚོགས་པ་མི་འདྲ་བ་ཡིན་ནའང་འདྲ་འདུག སྒེར་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡིན་ནའང་འདྲ། ཚང་མས་མཉམ་དུ་ནུས་པ་སྤུངས་ཐུབ་དགོས་པ་དེ་འཛམ་གླིང་གི་ཆབ་སྲིད་ཚང་མའི་ནང་གལ་ཆེན་པོ་རྩི་བཞིན་ཡོད། དེ་བཞིན་མང་གཙོ་དུས་ཆེན་གྱི་གསུང་བཤད་ནང་དུའང་བཀོད་ཡོད། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོ་དེ་བཙན་བྱོལ་སྒྲིག་འཛུགས་འདི་ནུས་པ་ལྡན་པ་དང་ཚགས་ཚུད་ཡོང་རྒྱུ། བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་དེ་ཉམས་མེད་དུ་མི་འགྲོ་བ། ལྷག་པར་བོད་མི་ཆིག་སྒྲིལ་གྱི་གནས་བབ་དེ་ཉམས་མེད་དུ་མི་འགྲོ་བ་དགོས་རྒྱུ་ནི་བཙན་བྱོལ་གྱི་མང་གཙོའི་སྲོག་ཤིང་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། དེའི་གནས་བབ་མེད་པ་ཡིན་ན་མང་གཙོ་དེར་ང་ཚོས་ཇི་ཙམ་ལག་ལེན་བསྟར་ཐུབ་ཀྱི་ཡོད་མེད་ཐེ་ཚོམ་ལྟ་བུ་ཆགས་ཀྱི་འདུག་པར་བརྟེན་མང་གཙོའི་ལྟ་གྲུབ་ཀྱི་གནས་བབ་དེ་ཚོ་རྒྱབ་ལྗོངས་ལ་བཞག་ནས། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་རྒྱ་ཆེའི་མང་ཚོགས་ཡིན་ནའང་འདྲ་འདུག དེ་ཚོའི་སློབ་སྦྱོང་ཟེར་ནའང་མི་འདུག དེ་དག་ལ་དུས་རྒྱུན་དུ་ཐུགས་སྣང་གནང་རྒྱུ་གལ་ཆེན་པོ་རེད་འདུག ཅེས་ཞུ་འདོད་བྱུང་།ཕྱོགས་མཚུངས་ང་ཚོའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ཕྱག་ལས་གནང་ཕྱོགས་ཀྱི་བརྒྱུད་རིམ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། གང་ལྟར་རྩ་དོན་འཐབ་རྩོད་བྱེད་རྒྱུའི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུའང་འགན་དབང་གལ་ཆེ་ཤོས་དེ་བོད་དོན་བདེན་མཐའ་གསལ་ཐབས་བྱེད་རྒྱུ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་བདེ་ཐབས་བྱེད་རྒྱུ། དེ་ནས་གཞིས་ལུས་བོད་མིའི་དཀའ་ངལ་ལས་སྐྱོབ་ཐབས་བྱེད་རྒྱུ། བོད་ཀྱི་ཁོར་ཡུག་དང་དེ་འདྲའི་གནས་བབ་མང་པོ་ཞིག་གི་འགན་དབང་བསྐུར་ཡོད། དེར་བརྟེན་ང་ཚོས་འཐབ་རྩོད་བྱེད་རྒྱུའི་དམིགས་ས་དེ་རྒྱ་ནག་གཞུང་གི་གནས་བབ་དེ་ཆགས་ཀྱི་ཡོད། ད་ལྟའི་ཆར་མཚོན་ན་རྒྱ་ནག་ཏུ་སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་འགལ་འདུ་ཟེར་ནའང་མི་འདུག ཆབ་སྲིད་ཀྱི་བསམ་བློའི་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་གསལ་པོ་འདྲ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་དང་། བསམ་ཚུལ་མི་འདྲ་བ་ཡོད་པ་ཙམ་གྱིས་རྒྱ་ནག་ནང་གི་གནས་བབ་དེེ་འགྱུར་བ་ཇི་ཙམ་འགྲོ་ཡི་ཡོད་རེད་ཟེར་བ་དེར་སུ་གཅིག་གིས་ཀྱང་ཞུ་ཚོད་ཐིག་གི་མེད། མུ་མཐུད་མཁྲེགས་བཟུང་གི་རྣམ་པ་ཐོན་གྱི་ཡོད་པ་རེད། རིང་མིན་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་རྒྱ་ནག་གི་ཚོགས་ཆེན་འཚོགས་རྒྱུར་གཏན་ཁེལ་ཡོད། དེའི་ཐོག་ནས་ད་ལྟའི་འགོ་ཁྲིད་དེ་ཚོ་ག་ཚོད་གནས་ཀྱི་རེད་དམ་མ་རེད། ལྷག་པར་ད་ལྟའི་སྲིད་འཛིན་ཞི་ཅིང་ཕིན་གྱི་ལས་ཡུན་དེ་མུ་མཐུད་གནས་ཀྱི་ཡོད་པ་ཞིག་དཔྱད་ཞིབ་གནང་མཁན་ཚོས་ཐག་བཅད་ནས་གསུང་གི་ཡོད་པ་རེད། དེའི་གནས་བབ་ཐོག་ནས་རྒྱ་ནག་གི་སྲིད་བྱུས་ཟེར་བ་དེ་ང་ཚོའི་ངོས་འཛིན་བྱེད་ཕྱོགས་དེར་མཁྲེགས་བཟུང་གི་རྣམ་པ་མུ་མཐུད་འགྲོ་རྒྱུ་རེད་དམ་མ་རེད། བོད་ཀྱི་གནས་བབ་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཇི་ཙམ་འགྲོ་ཡི་རེད་ཟེར་བ་དེ་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད།
སྲིད་འཛིན་ཞི་ཅིང་ཕིན་གྱིས་འདས་པའི་ལོ་ ༡༠ ནང་རྒྱ་ནག་ནང་གི་སྲིད་བྱུས་གང་འདྲ་བསྐྲུན་ཡོད། ལྷག་པར་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་བོད་སོགས་ཀྱི་གནས་བབ་ག་འདྲ་ངོས་འཛིན་བྱེད་ཀྱི་ཡོད་རེད་ཟེར་བ་དེ་ད་ལྟ་གནས་སྟངས་གང་ལ་གང་འཚམ་གསལ་པོ་ཆགས་ཀྱི་ཡོད། འདི་ལྟར་མུ་མཐུད་ཕྱིན་པ་ཡིན་ན། དེ་དང་མཐུན་པའི་ང་ཚོའི་ངོས་ནས་གདོང་ལེན་བྱེད་ཕྱོགས་ག་འདྲ་དགོས་ཀྱི་འདུག འཆར་གཞི་ག་འདྲ་འདིང་དགོས་ཀྱི་འདུག ཚང་མས་བྱེད་སྒོ་དེ་ག་འདྲ་གནང་དགོས་ཀྱི་འདུག་ཟེར་བ་དེར་ང་ཚོས་བསམ་བློ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། རྒྱ་ནག་གི་སྲིད་བྱུས་དེའི་ཐོག་ནས་བོད་ནང་བོད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ དེ་ཕྱི་ལོ་ ༢༠༢༠ ལོར་ཚོགས་འདུག དེའི་ཐོག་ནས་བོད་ནང་དུ་རྒྱ་ནག་གི་ལས་འཆར་གསར་པ་ག་རེ་ཡོང་གི་ཡོད་དམ་མེད། བོད་ཀྱི་བཞུགས་མོལ་ཚོགས་འདུ་དེ་ཚོའི་ཐོག་ནས་གང་ལ་གང་འཚམ་དབྱེ་ཞིབ་གནང་གི་འདུག དེའི་ཐོག་ནས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའམ་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ། དེས་མཚོན་པའི་སྲིད་བྱུས་དེ་ཚོས་ཤུགས་གནོན་ཆེ་རུ་འགྲོ་གི་ཡོད་པ། ལས་འགུལ་སྣ་མང་སྤེལ་བཞིན་པའི་གནས་སྟངས་ཆགས་ཀྱི་འདུག དེ་རྗེས་སྲིད་འཛིན་ཞི་ཅིང་ཕིན་ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་ལྷ་སར་ཕྱིན་པ་རེད། ཀྲུང་ཧྭ་མི་མང་སྤྱི་མཐུན་འདུས་གྲུབ་ཞེས་པ་ནི་མི་རིགས་མཉམ་བསྲེས་བྱེད་རྒྱུའི་ལྟ་གྲུབ་ཤུགས་ཆེན་པོ་ཞིག་སླེབ་ཡོང་གི་འདུག དེའི་ཐོག་ནས་བོད་ནང་གི་འགོ་ཁྲིད་ཚོས་བཀའ་མོལ་གསུང་ཡོང་དུས་ དང་པོ་ཆབ་སྲིད་ཀྱི་རྒྱབ་ལྗོངས་བཙལ་ནས་གྲོང་ཁྱེར་དང་། ལྷག་པར་གྲོང་གསེབ་ནང་དུ་ལག་ལེན་བསྟར་བའི་ཐོག་ནས་བོད་ཀྱི་བཞུགས་མོལ་ཚོགས་འདུ་དང་། སྲིད་འཛིན་ཞི་ཅིང་ཕིན་ལྷ་སར་ཕྱིན་པའི་གནས་སྟངས་ལ་ལྟ་ཡོང་དུས། བོད་ཀྱི་རིག་གཞུང་དང་། བོད་མི་རིགས་ཟེར་བ་དེ་ཐད་ཀར་ཞུས་པ་ཡིན་ན་རྩ་མེད་དང་རྨེག་མེད་གཏོང་རྒྱུའི་བསམ་བློ་ཡོད་པ་མ་ཟད། འཆར་གཞི་དང་དམིགས་ཡུལ་ཡོད་པའི་ཐོག་ནས་ལས་འཆར་འདིང་བཞིན་པ་ལྟ་བུ་ཞིག་ངོས་འཛིན་བྱས་པ་ཡིན་ན་ཕལ་ཆེར་ཞུ་མ་ཐུབ་པའི་གནས་སྟངས་མི་འདུག རྒྱ་ནག་གི་སྲིད་བྱུས་བརྒྱུད་ནས་བོད་ནང་གི་སྲིད་བྱུས་ང་ཚོས་ངོས་འཛིན་བྱེད་སྟངས་འདི་འདྲ་ཞིག་ཡོང་བཞིན་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག ད་ལྟའི་ཆར་བོད་ནང་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་བརྒྱུད་ལམ་ཁག་ནས་ཤེས་རྟོགས་ཡོང་གི་འདུག དེ་བཞིན་མདོ་སྟོད་སྨད་ལ་ས་ཡོམ་དང་ཆུ་ལོག་གི་གནས་སྟངས་རྐྱེན་པས་མི་མང་པོ་ཞིག་རྐྱེན་འདས་སོང་བ་དང་། རིགས་གཅིག་དཀའ་ངལ་འོག་ཏུ་ཚུད་པ། ད་དུང་ཡིན་ནའང་འཆི་གསོན་གྱི་གནས་སྟངས་ཆ་ཚང་རྟོགས་མ་ཐུབ་པའི་གནས་སྟངས་མང་པོ་ཆགས་ཀྱི་འདུག ད་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཐུགས་སྨོན་གནང་བ་ནང་བཞིན། བོད་ནང་གི་ནད་ཡམས་དང་། ས་ཡོམ། ཆུ་ལོག་འོག་དཀའ་ངལ་འཕྲད་པ་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། མི་རིང་བར་དཀའ་ངལ་དེ་དག་ལས་ཐར་ཐུབ་པའི་ཐུགས་སྨོན་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག བོད་ནང་ཆབ་སྲིད་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་ཧ་ཅང་གིས་མངོན་པར་གསལ་བ་དང་། མངོན་པར་མི་གསལ་བའི་ཐོག་ནས་ཧ་ཅང་དཀའ་ངལ་ཡོད་པ་རྟོགས་ཐུབ་ཀྱི་འདུག བོད་ནང་རྒྱ་ནག་གི་ནུབ་རྒྱུད་ཀྱི་འཆར་གཞི་ཟེར་ནས་རྒྱ་ནག་ཞིང་ཆེན་གྱི་མཐོ་སློབ་དེ་འདྲ་ནས་དང་བླངས་ཕེབས་ཏེ་ཕྱི་ལོ་ ༢༠༢༢ ཟེར་དུས་ནུབ་རྒྱུད་ཀྱི་འཆར་གཞི་དེ་ལོ་ ༡༩ ཆགས་ཀྱི་ཡོད། དུས་ཡུན་དེའི་རིང་མི་འབུམ་བཞི་ལྷག་བོད་དང་ཤིན་ཅང་ཁུལ་དུ་བསྐྱོད་པ། ཕྱི་ལོ་ ༢༠༢༢ ལོར་མི་གྲངས་ ༣༠,༠༠༠ ལྷག་ཡར་ཕེབས་རྒྱུ་ཡིན་པ། དེ་ཡང་གྲོང་གསེབ་ཁག་ལ་ཕྱིན་ནས་བསམ་བློའི་སློབ་གསོ་སྤྲད་རྒྱུའི་ཐོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། སྐད་ཡིག་རང་དབང་། ཆོས་དད་རང་དབང་གི་གནས་བབ། འགྲོ་འོང་གི་ཐོབ་ཐང་བཅས་ཧ་ཅང་ཛ་དྲག་ཆེ་རུ་ཕྱིན་པའི་གནས་སྟངས་ཆགས་འདུག དེ་གཞིར་བཟུང་ང་ཚོའི་ངོས་ནས་གདོང་ལེན་བྱེད་ཕྱོགས་དང་། འཆར་གཞི་འདོན་ཕྱོགས་ཀྱང་དེ་བཞིན་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་འདུགཕྱི་ལོ ༢༠༢༢ ཟླ་ ༦ པའི་ནང་གྲོས་ཚོགས་ཀྱིས་འགན་གཙོ་བོ་འཁུར་ནས་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ བསྐོང་ཚོགས་ཐུབ་པ་རེད། སྐབས་དེ་དུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་ཡོད་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དབུ་འབྱེད་ལ་དངོས་སུ་ཕེབས་པ་དང་། རྒྱལ་ཁབ་ཁག་ ༢༨ ཙམ་ནས་གྲོས་ཚོགས་འཐུས་མི་དངོས་སུ་ཕེབས་པ་དང་དྲ་རྒྱའི་བརྒྱུད་ནས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།
ཚོགས་ཆེན་ཉིན་གྲངས་གཉིས་རིང་བོད་དོན་ཐོག་གསུང་བཤད་དང་བསྒྲགས་གཏམ། ལས་འཆར་སྤེལ་རྒྱུ་སོགས་ཧ་ཅང་ཡག་པོ་བྱུང་ཡོད། རྒྱ་ནག་གིས་བོད་ཀྱི་གནད་དོན་ཟེར་དུས། རྒྱ་ནག་ནང་གི་གནས་ཚུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་རྒྱལ་སྤྱིའི་གནས་བབ་ཐོག་ནས་ལྟ་ཡོང་དུས་བོད་དོན་ནི་རྒྱལ་སྤྱིའི་ངོ་བོར་འགྱུར་བཞིན་པའི་གནས་སྟངས་གསལ་པོ་འདྲ་ཞིག་བྱུང་བ་རེད་བསམ་གྱི་འདུག འདས་པའི་ལོ་ ༦༠ ནང་སྐུ་ལས་བསྐྱོན་པའི་གནས་སྟངས་ཆགས་ཀྱི་ཡོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དངོས་སུ་འགན་འཁུར་མཁན་བཀའ་ཤག་དང་གྲོས་ཚོགས། ས་གནས་ས་ཐོག་གི་སྒྲིག་འཛུགས་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་ལས་དོན་ཧ་ཅང་ཡག་པོ་བྱུང་སོང་ཞུ་རྒྱུ་ཡིན། དེའི་ཐོག་ལ་བཀའ་ཤག་གིས་མཐུན་འགྱུར་གནང་བ་དང་། ཨ་རི་དོན་གཅོད་ལས་ཁུངས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཚང་མས་མཉམ་རུབ་ཐོག་ནས་མཐུན་འགྱུར་ཡག་པོ་གནང་སོང་། དེར་བརྟེན་དེ་རིང་འདི་བརྒྱུད་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དེ་རིང་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་རིམ་སྙན་སྒྲོན་ཞུས་པ་ཡིན་ན། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གྲངས་ ༣ ཡོད། དང་པོ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༧ ཉིན་རྔ་བ་ཀིརྟི་དགོན་པའི་ཉེ་འགྲམ་དུ་རྒྱ་ནག་གཞུང་གི་ཉེན་རྟོག་ལས་ཁུངས་མདུན་དུ་བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་རྗེས་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང་། དེ་རྗེས་ཁོང་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། ཁོང་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་དང་།དེ གཞན་ཡང་སྤྱི་ཟུར་བྱར་གསང་གླིང་ཚེ་དབང་རྣམ་རྒྱལ་ལགས་ཨ་རིའི་གྲོང་ཁྱེར་མེ་ཌི་སོན་དུ་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༣ ཉིན་དགུངས་གྲངས་ ༨༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་འདུག་ཀྱང་ང་ཚོས་ཤེས་རྟོགས་མ་བྱུང་ནས་ལྷག་པ་རེད། ཉེ་ཆར་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་ཡོད་སྟབས། ང་ཚོས་གཅིག་མཚུངས་འདྲ་ཞིག་བྱས་ནས་ཁོང་ལ་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་འཁུར་ཡོད། གཞན་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༨ ཉིན་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་གིས་འོས་བསྡུ་དྲིལ་བསྒྲགས་གནང་བའི་སྐབས་སུ་ཡུལ་མི་ཞིག་གིས་མེ་མདའ་བརྒྱབ་པའི་རྐྱེན་གྱིས་སྐུ་ཚེའི་འཕེན་པ་རྫོགས་ཡོད། ཁོང་ལའང་གྲོས་ཚོགས་ཀྱི་ཐོག་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་འཁུར་ཡོད།དེ་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་རེད། ཕྱི་ལོ་ ༢༠༠༨ ནས་བཟུང་ད་བར་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་བཞིན་ཡོད་སྟབས། ང་ཚོས་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ཅིག་ཁུར་པའི་ནང་ཆབ་སྲིད་ཀྱི་གནས་བབ་མང་པོ་ཞིག་སླེབ་ཀྱི་ཡོད། དེའི་ཐོག་ལ་སྤྱི་འཐུས་རྣམ་པའི་དགོངས་ཚུལ་དང་། འཛིན་སྐྱོང་བཀའ་ཤག་གི་དགོངས་ཚུལ་ཐོག་ནས་ང་ཚོས་བཞེངས་ཕྱོགས་ག་འདྲ་གནང་དགོས་ཀྱི་ཡོད་པ་གང་ལ་གང་འཚམ་གསལ་པོ་ཡོང་གི་རེད། དེར་བརྟེན་ཡིག་ཆ་འདི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
བཅའ་ཁྲིམས་དང་ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཕེབས་ཀྱི་ཡོད་པ་དེ་དངོས་སུ་ལས་རིམ་ནང་བཅུག་ཡོད་པས་རྣམ་པ་ཚོས་མཁྱེན་གྱི་རེད། དེ་ནས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཇི་ཆགས་རྟོག་ཞིབ་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་དེའང་དེ་རིང་གི་གྲོས་ཚོགས་ནང་དུ་སླེབ་ཀྱི་ཡོད་པ་རེད། གྲོས་ཚོགས་ཀྱི་ལས་ཉིན་མང་བ་དེ་ལྷན་ཁང་ཁག་གི་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༢༡༌༌༌༢༠༢༢ ལོའི་ལས་བསྡོམས་སྙིང་བསྡུས་དང་། ལྷན་ཁང་གི་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་ཞུས་པའི་སྙན་ཐོ་གྲོས་ཚོགས་ནང་དུ་སླེབ་ཀྱི་ཡོད་པ་རེད། དེའི་ཐོག་ལ་བགྲོ་གླེང་དང་། ལན་འདེབས་གསལ་བཤད་ཕེབས་རྒྱུ་རེད། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་དང་། གཞུང་འབྲེལ་གྱི་གྲོས་ཆོད་རིགས་གཅིག་སླེབ་ཀྱི་ཡོད་པ་རེད། གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དགུའི་ལས་རིམ་རགས་ཟིན་འདི་འདྲ་ཡོང་གི་ཡོད། ཅེས་སྙན་སེང་ཞུ་རྒྱུ་ཡིན།བཀུར་འོས་སྤྱི་འཐུས་རྣམ་པ་མང་པོ་ཞིག་གིས་གྲོས་ཚོགས་ཚོགས་དུས་མང་པོ་ཞིག་ཚོགས་ཚར་བ་རེད། རིགས་གཅིག་གྲོས་ཚོགས་ཚོགས་མི་རྙིང་པ་ཆགས་ཀྱི་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ་བཅས་ཚང་མ་རྒྱུས་མངའ་ཆ་ཚང་ཡོད་མཁན་ཡིན་སྟབས། གྲོས་ཚོགས་ཀྱི་ལས་རིམ་ནང་ཆ་ཤས་བཞེས་སྐབས་གཙོ་བོ་གོང་དུ་ཞུས་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་ནང་བཞིན་ལྷག་བསམ་དང་སེམས་ཤུགས་ཐོག་ནས་བོད་སྤྱི་པ་དང་བོད་ཀྱི་རྩ་དོན་ལ་ཐུགས་ཕན་གསོ་བའི་བསམ་ཚུལ་སྤུང་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག མཚམས་རེ་སྒེར་སོ་སོའི་ཚོར་བར་འགྲོ་ཡོང་དུས་གྲོས་ཚོགས་ཀྱི་ལས་རིམ་ལའང་བར་ཆད་ཆགས་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ནང་དུ་གོ་བརྡ་ལོག་པ་ཕྱིན་མི་སྲིད་པ་ཆགས་ཀྱི་མེད་པར་བརྟེན་ཚང་མས་ལྷག་བསམ་རྣམ་དག་ཐོག་ནས་འགན་འཁུར་བཞེས་ཏེ་བགྲོ་གླེང་དང་གསལ་བཤད་ལན་འདེབས་རེད། ཆ་ཤས་བཞེས་ཕྱོགས་དེ་ཚོ་སྤྱི་པའི་ལས་དོན་ཐོག་བསམ་བློ་སླེབ་ཐུབ་པར་དགོངས་པ་རྒྱ་ཆེ་ས་ནས་བཞེས་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།
དེ་བཞིན་ལས་རིམ་རྣམ་གཞག་གདོན་རྒྱུ་དེ་རྒྱུན་ལྡན་འདྲ་ཆགས་ཀྱི་འདུག ལས་རིམ་རྣམ་གཞག་འདོན་ཡོང་དུས་ཁྲིམས་སྒྲིག་ནང་དུ་གང་འཁོད་ཡོད་པ་གཞིར་བཟུང་ཕེབས་ཐུབ་པ་ཡིན་ན་དཀའ་ངལ་གང་ཡང་མི་འདུག ཁྲིམས་མཐུན་གཞིར་བཟུང་ཕེབས་མ་ཐུབ་པ་ན་གྲོས་ཚོགས་ཀྱི་ལས་རིམ་ལའང་བར་ཆད་ཆགས་ཀྱི་འདུག མཚམས་རེ་ཚོགས་གཙོའི་གཙོ་སྐྱོང་བྱེད་ཕྱོགས་ལའང་བསམ་བློ་མང་པོ་གཏོང་དགོས་པའི་གནས་སྟངས་ཆགས་ཀྱི་འདུག ཁྲིམས་སྒྲིག་གཞིར་བཟུང་ཕེབས་པ་ཡིན་ན་ཕྱོགས་ཚང་མ་ནས་དཀའ་ངལ་གང་ཡང་ཡོང་གི་མེད། ཏག་ཏག་འགྲོ་ཐུབ་པའི་གནས་བབ་ཡོང་གི་རེད་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་ཚོགས་དུས་འདིའི་ཐོག་ལ་སྤྱི་འཐུས་གཅིག་གྲོས་ཚོགས་ཆ་ཚང་དགོངས་པ་ཞུས་སོང་། སྤྱི་འཐུས་གཉིས་ཙམ་གྱིས་ཉིན་གྲངས་ ༤ དང་ ༣ རིང་དགོངས་ཤོག་གནང་སོང་། དེ་མིན་བཀུར་འོས་སྤྱི་འཐུས་ཚང་མ་དེ་རིང་ཕེབས་ཐུབ་ཡོད་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། གྲོས་ཚོགས་ཀྱི་ལས་ཉིན་དགུ་དེ་ཚགས་ཚུད་པོ་དང་དོན་སྨིན་ལྡན་པ་ཡོང་བར་ཚང་མས་ཐུགས་སྨོན་དང་། འགན་འཁུར་བཞེས་རོགས་གནང་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། །