༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༥ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨི་ཊ་ལཱིའི་ལྷོ་ཊི་རོལ་ (South Tyrol) རང་སྐྱོང་ས་ཁུལ་ལ་རང་སྐྱོང་ཐོབ་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་དུས་དྲན་སྲུང་བརྩིའི་མཛད་སྒོར་ལྷོ་ཊི་རོལ་རང་སྐྱོང་ས་ཁུལ་གྱི་སྲིད་སྐྱོང༌སྐུ་ཞབས་ཨར་ནོ་ཀོམ་པ་སི་ཆར་ (Arno Kompatscher) མཆོག་དང་། ཨོསྟྲི་ཡཱའི་ཡུ་རོབ་ལས་དོན་ཚན་པའི་བློན་ཆེན་ཀེ་རོ་ལིན་ (Karoline Edtstadler) མཆོག ཨི་ཊ་ལཱིའི་དཔལ་འབྱོར་བློན་ཆེན་ཌེ་ནེ་ལེ་ཧྥི་རན་ཁོ་ (Daniele Franco) མཆོག་སོགས་ཕེབས་ཡོད།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་ཨི་ཊ་ལཱིའི་ལྷོ་ཊི་རོལ་རང་སྐྱོང་ས་ཁུལ་གྱི་གཞུང་མང་གཉིས་ལ་འཚམས་འདྲི་གནང་བའི་སྐོར་གསུངས་པ་དང་འབྲེལ་ལྷོ་ཊི་རོལ་རང་སྐྱོང་ས་ཁུལ་གྱི་གཞུང་མང་གཉིས་ལ་ཨི་ཊ་ལཱིའི་ལྷོ་ཊི་རོལ་རང་སྐྱོང་ས་ཁུལ་ལ་རང་སྐྱོང་ཐོབ་ནས་ལོ་ངོ་ ༥༠ འཁོར་བར་འཚམས་འདྲི་ཞུས་གནང་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལཱིའི་ལྷོ་ཊི་རོལ་རང་སྐྱོང་ས་ཁུལ་དུ་ལོ་ངོ་ ༢༥ གོང་ཐེངས་དང་པོ་ཆིབས་སྒྱུར་བསྐྱངས་ཡོད།གཞན་ཡང་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་མི་རྣམས་ཀྱི་མངོན་འདོད་ནི་བོད་ནང་གི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་ཡིན་པའི་སྐོར་དང་། འཛམ་གླིང་མི་མང་གིས་ཨི་ཊ་ལཱིའི་ལྷོ་ཊི་རོལ་རང་སྐྱོང་ས་ཁུལ་ལ་མིག་དཔེ་བལྟ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།
ཕྱོགས་མཚུངས་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨི་ཊ་ལཱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Italy-Tibet Association) ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་ཁོང་རྣམ་པས་བོད་དོན་སླད་རྒྱབ་སྐྱོར་གཡོ་བ་མེད་པ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།།