༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༣༠ ནས་ཟླ་བ་ ༠༩ ཚེས་ ༠༡ བར་བོད་སློབ་ཁག་གི་དགེ་ཆེ་རྣམས་ལ་སློབ་ཕྲུག་གི་བདེ་འཇགས་དང་སྲུང་སྐྱོབ་ཐོག་ཟབ་སྦྱོང་གནང་ཡོད།
དེ་ཡང་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ནང་སློབ་གྲྭའི་དགེ་ཆེ་རྣམས་ལ་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཁོངས་མིན་པའི་ཚོགས་པ་ (Expressions India) ཞེས་པས་ན་གཞོན་གྱི་སེམས་ཁམས་འཕྲོད་བསྟེན་དང་བདེ་འཇགས་ཀྱིས་གཙོས་མི་སྤྱོད་དང་ཡར་རྒྱས་དམིགས་རྩར་བཟུང་ནས་སློབ་གྲྭའི་བདེ་འཇགས་སྲུང་སྐྱོབ་སྐོར་དང་། སྤྱོད་ཚུལ་ངན་པའི་འབྱུང་ཁུངས་ངོས་འཛིན་བྱེད་ཕྱོགས་སོགས་ཀྱི་ཐོག་སློབ་སྟོན་གནང་ཡོད། ཕྱོགས་མཚུངས་སློབ་གྲྭའི་ནང་འཚེ་བའི་རིགས་འགོག་ཐབས་དང་། དགེ་ལས་སློབ་ཕྲུག་རྣམས་ལ་དྲ་རྒྱའི་བརྙས་བཅོས་དང་། ཁྲིམས། བདེ་འཇགས་སོགས་ཀྱི་སྐོར་འགྲེལ་བརྗོད་དང་། སློབ་གྲྭ་ཁག་ཏུ་ཁྲིམས་སྒྲིག་ལག་བསྟར་གནང་ཕྱོགས་སོགས་ཀྱི་ཐད་ངོ་སྤྲོད་གནང་ཡོད།ཟབ་སྦྱོང་སྐབས་ཚོགས་བཅར་བ་རྣམས་ཀྱིས་གྲུང་ཤ་དོད་པོས་མཉམ་ཞུགས་ཀྱིས་གོང་གསལ་བརྗོད་གཞི་ཁག་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་རྡ་ས་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་དགེ་ཆེ་གྲངས་ ༣༦ མཉམ་ཞུགས་གནང་ཡོད། དེ་ལྟ་བུའི་ཟབ་སྦྱོང་ཞིག་དེ་སྔ་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༢༤ ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་རྣམས་ལའང་གནང་ཡོད་པ་རེད། ཟབ་སྦྱོང་གི་འགྲོ་གྲོན་ཆེད་དུ་ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ཞེས་པའི་ཚོགས་པས་མཐུན་འགྱུར་གནང་ཡོད་པ་བཅས།།