༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡ ནས་ ༣ བར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ལྷོ་ཨ་ཕི་རི་ཀའི་ཌུར་བྷན་གྲོང་ཁྱེར་ (Durban) དུ་ཆེད་ཕེབས་ཀྱིས་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ (Inkatha Freedom Party) འགན་འཛིན་ཟུར་པ་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་ (Prince Mangosuthu Buthelezi) མཆོག་དང་མཇལ་འཕྲད་ཞུས་གནང་ཡོད།
དེ་ཡང་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱི་ཟླ་ ༩ ཚེས་ ༡ ཉིན་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ལས་ཁུངས་སུ་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་པ་མ་ཟད། ཉིན་རྒྱབ་ཌུར་བྷན་རྒྱལ་སྤྱིའི་བསྟི་གནས་ཁང་ (Durban International Convention Center) དུ་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་མཆོག་གི་ཐེབས་རྩ་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་ཡོད། སྐབས་དེར་གཞུང་ཚབ་མི་སྣ་དང་། ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ། སྤྱི་དམངས་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་མཆོག་གི་ཐེབས་རྩ་ལམ་ལྷོངས་ཡོང་སླད་ཐུགས་སྨོན་མཛད་པའི་གསུང་འཕྲིན་དེ་བཞིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་སྒྲོགས་སྦྱང་ཞུས་ཡོད། གཞན་ཡང་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་དང་། ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝེ་ལན་ཀོ་སི་ནི་(Velenkosini Hlabsisa) ལགས། ཌུར་བྷན་གྲོང་སྡེའི་སྤྱི་ཁྱབ། གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་ཚོགས་པའི་ (Minority Front Political Party) ཚོགས་གཙོ་ལྕམ་སྐུ་ཞ་མེན་ཐཱ་ཀུར་ (Shameen Thakur-Rajbans) ལགས། སི་ཝ་ནཱན་ཌ་ཐེབས་རྩའི་ (Sivananda World Peace and Community Development Foundation) འགན་འཛིན་སྐུ་ཞབས་ཨི་ཤི་ཝར་ (Ishwar Ramlutchman M Zulu) ལགས། འཇིའུ་མི་རིགས་སྡེབ་གསོད་ཆེན་མོ་འགྲེམས་སྟོན་ཁང་ (Durban Holocaust and Genocide Center) གི་ངེས་སྟོན་པ་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཞུས་གནང་ཡོད།།