༄༅། །འདི་གར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྡ་ས་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ཚོགས་དུས་བདུན་པའམ་མཐའ་མ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་རྡ་ས་ས་གནས་འགོ་འཛིན་གྱི་ཚོགས་ཁང་གསར་པ་ཕུན་ཚོགས་ཁང་གསར་གྱི་ཚོགས་ཁང་ནང་ཚོགས་ཡོད་པ་དང་། ཚོགས་དུས་སྐབས་ས་འཐུས་རྣམ་པས་བོད་ནང་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་བསྟན་སྲིད་མི་རིགས་ཆེད་དུ་ལུས་སྲོག་ལོངས་སྦྱོད་དང་བཅས་པ་ཡོངས་སུ་བློས་གཏོང་གནང་མཁན་རྒྱལ་གཅེས་པ་གྲྭ་བཀྲ་བྷེ་ལགས་ནས་བཟུང་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས ༢༥ བར་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་མི་གྲངས་ ༡༥༧ ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་དང་།
དེ་བཞིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་དང་། ལྷག་དོན་ཏོག་དབྱིབས་ནད་ཡམས་འགོག་ཐབས་ཀྱི་མིང་ཐོག་ནས་མི་མང་ལ་མགོ་སྐོར་བཏང་ནས་ས་གནས་གང་བྱུང་དུ་བཙན་ཁྲིད་དང་དམ་བསྒྲགས་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་མ་ཟད། འགོག་དབྱེ་ཟུར་འཇོག་ཁང་ནང་ཟས་སྡོད་གནས་མལ་གྱི་དཀའ་ངལ་འཕྲད་བཞིན་པ་རྣམས་ཀྱི་ཆེད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་དང་གྲོས་འཆར་བཞག་སོང་། དེ་རྗེས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས་ལས་བསྡོམས་ཐོག་བགྲོ་གླེང་གནང་ཡོད་པ་བཅས། །