༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་དེ་སྔ་ལོ་ངོ་ ༡༢ རིང་བཙོན་འཇུག་དང་ཁྲིམས་ཐག་བཅད་ཡོད་པའི་བོད་མི་པདྨ་དོན་གྲུབ་ལགས་བཙོན་འཇུག་གི་དུས་ཡུན་མ་ཚང་གོང་གློད་བཀྲོལ་བཏང་ཡོད་པ་དང་། པདྨ་དོན་གྲུབ་ལགས་ནི། བླ་བྲང་བསང་ཆུ་རྫོང་ནས་ཡིན་ཞིང་། རྒྱ་ནག་གཞུང་གིས། པདྨ་དོན་གྲུབ་ལགས་ཀྱིས་དེ་སྔ་བོད་མི་རྡོ་རྗེ་རིན་ཆེན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྐབས་སྐུ་ཕུང་ལ་བདག་པོ་བརྒྱབ་སྟབས་མི་བསད་པའི་ཉེས་མིང་འོག་ལོ་ ༡༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་ཡོད།
པདྨ་དོན་གྲུབ་ལགས་གློད་བཀྲོལ་བཏང་རྗེས་རང་ཁྱིམ་དུ་འབྱོར་སྐབས་ནང་མི་ཉེ་འབྲེལ་དང་ཁྱིམ་མཚེས་སོགས་ནས་དགའ་བསུའི་སྣེ་ལེན་ཞུས་ཡོད་པ་དང་། རྒྱ་ནག་གཞུང་གིས་པདྨ་དོན་གྲུབ་ལགས་ཀྱི་འགྲོ་འདུག་རང་དབང་ཐད་མུ་མཐུད་དམ་བསྒྲགས་དང་དོ་དམ་བྱེད་བཞིན་ཡོད་པ་རེད། པདྨ་དོན་གྲུབ་ལགས་གློད་བཀྲོལ་བཏང་ཡོད་པ་དངོས་བདེན་ཡིན་ཡང་གཞན་ཁོང་གི་སྐུ་གཟུགས་དང་འཕྲོད་བསྟེན་གྱི་གནས་སྟངས་སོགས་ཀྱི་སྐོར་ཤེས་རྟོགས་གང་ཡང་བྱུང་མེད། རྒྱ་ནག་གཞུང་གིས་དེ་སྔ་པདྨ་དོན་གྲུབ་ལགས་དང་ལྷན་དུ་བསམ་བཞིན་མི་བསད་པའི་ཉེས་མིང་འོག་བོད་མི་དྲུག་འཛིན་བཟུང་གིས་དུས་ཡུན་མི་འདྲ་བའི་ཁྲིམས་ཐག་བཅད་ཡོད་པ་རྣམས་ཀྱང་རིམ་བཞིན་གློད་བཀྲོལ་བཏང་ཡོད་ནའང་ཁོ་ཚོར་ད་དུང་མུ་མཐུད་དམ་བསྒྲགས་དང་དོ་དམ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༣ ཉིན་ལོ་ན་ ༥༨ ལ་སོན་པའི་བོད་མི་རྡོ་རྗེ་རིན་ཆེན་ལགས་ཀྱིས་བླ་བྲང་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་རྗེས་རྒྱ་ནག་གི་ཉེན་རྟོག་པས་བསམ་བཞིན་དུ་མི་བསད་པའི་ཉེས་མིང་འོག་བོད་མི་དྲུག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཕྱི་ལོ་ ༢༠༡༣ ཟླ་ ༡ ནང་བླ་བྲང་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་བོད་མི་པདྨ་དོན་གྲུབ་ལགས་ལ་ལོ་ ༡༢ དང་། སྐལ་བཟང་རྒྱ་མཚོ་ལགས་ལ་ལོ་ ༡༡། པདྨ་འཚོ་ལགས་ལ་ལོ་ ༨། ལྷ་མོ་དོན་གྲུབ་ལགས་ལ་ལོ་ ༧ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། གཞན་ཡང་དཀྲོག་གཏམ་དང་འུར་སྒྲོག་གིས་སྤྱི་བའི་འགྲུལ་སྐྱོད་ལ་བར་ཆད་བཟོས་པའི་ཉེས་མིང་འོག་གདུག་དཀར་སྐྱབས་ལགས་ལ་ལོ་ ༤ དང་། གཡང་མོ་སྐྱིད་ལགས་ལ་ལོ་ ༣ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་གྲངས་ ༡༥༧ ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་བཅས།།