༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་བཟོ་རྒྱུའི་སྲིད་བྱུས་ཁ་གཡར་ནས་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཡོངས་རྫོགས་སུ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པར་ཧ་ཅང་ཐུགས་འཚབ་དང་སྦྲགས་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༢༦ ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན།
བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་སྐབས་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་བཟོ་རྒྱུའི་སྲིད་བྱུས་ཞེས་པ་ལག་བསྟར་བྱེད་རྒྱུར་དྲག་རྩུབ་ཆེ་བའི་ཐབས་ལམ་སྤྱད་རྐྱེན་བོད་མིར་ཕན་པ་ལས་གནོད་ཚབས་ཆེ་བ་བྱུང་ཡོད། བོད་ནང་གཉན་རིམས་ཁྱབ་གདལ་འགོག་ཐབས་སུ་སྟངས་འཛིན་ཚུལ་བཞིན་མ་ཐུབ་པ་དེས་རྒྱ་གཞུང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྲིད་བྱུས་ལམ་ལྷོངས་བྱུང་མེད་པ་གསལ་སྟོན་དང་། དེ་ལ་བརྟེན་ནས་བོད་མི་མང་པོའི་ཚེ་སྲོག་ཉེན་ཁའི་གནས་སུ་ལྷུང་ཡོད། རྒྱ་ནག་གཞུང་ནས་ཏོག་དབྱིབས་གཉན་རིམས་འགོག་ཐབས་ཐད་མིག་དཔེ་བསྟན་རྒྱུའི་འབད་རྩོལ་བྱེད་སྐབས་སྨན་བཅོས་མཐུན་རྐྱེན་དང་ལྟ་སྐྱོང་དགོས་པའི་བོད་མི་རྣམས་ཀྱི་ཉེན་སེལ་དང་བདེ་འཇགས་ལ་སྣང་ཆུང་བཏང་ཞིང་། དེ་ལྟ་བུའི་ཉམ་ང་བའི་ཐེམ་སྤངས་བཀའ་རྒྱའི་དམ་བསྒྲགས་ལ་བརྟེན་བོད་མི་རྣམས་ལ་དངོས་ཐོག་དཀའ་ངལ་འཕྲད་པ་དྲ་ཐོག་ནས་མངོན་གསལ་ཇེ་དོད་དུ་གྱུར། བོད་མི་རྣམས་ཀྱིས་ཏོག་ནད་ཟུར་འཇོག་ཁང་ནང་ཚང་ཁ་ཆེ་བ་དང་། ཟས་བཅུད་དང་སྨན་སྦྱོར་མཐུན་རྐྱེན་དཀོན་པ། ཁོར་ཡུག་བཙོག་པ་ཡོད་སྐོར་གྱི་ཞུ་གཏུག་བྱས་ཡོད་པ་མ་ཟད། བོད་མི་འགའ་ཤས་ཀྱིས་གནས་སྟངས་དེ་ནི་བཙོན་ཁང་ལས་ཚབས་ཆེ་བ་ཡོད་པའི་འགྲེལ་བརྗོད་བྱས་ཡོད། བོད་མི་ཞིག་ནས་ཏོག་དབྱིབས་གཉན་རིམས་སྐབས་ཀྱི་ཐེམ་སྤང་བཀའ་རྒྱའི་འོག་གི་ཛ་དྲག་གནས་སྟངས་ལ་ངོ་རྒོལ་བྱས་པར་རྡུང་རྡེག་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐོག་མར་འདི་ལོའི་ཟླ་བ་ ༠༨ ཚེས་ ༠༨ ཉིན་ལྷ་ས་དང་མངའ་རིས་གཉིས་ནས་ཏོག་དབྱིབས་གཉན་རིམས་ཕོག་མཁན་མི་གྲངས་ ༢༢ ཐོན་པ་ཡོངས་གྲགས་གསལ་བསྒྲགས་བྱས། དེ་ནི་ཕྱི་ལོ་ ༢༠༢༠ ནས་བཟུང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་མེད་པའི་གསལ་བསྒྲགས་རིམ་པ་བཏང་བའི་མཐར་གཞུང་འབྲེལ་ཐོག་ནས་བོད་ནང་ཏོག་དབྱིབས་ནད་པ་ཡོད་པ་ངོས་ལེན་བྱས་པ་ཐོག་མ་ཆགས་ཡོད། དེ་རྗེས་བདུན་ཕྲག་འགའ་ཤས་ནང་མི་གྲངས་ ༣༦༢༧ ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་ཞིང་དེས་ནད་པའི་གྲངས་འབོར་འཕར་བཞིན་པ་མཚོན། དེ་ནས་ཉེ་འཁོར་ས་གནས་ནག་ཆུ་དང་། ཆབ་མདོ། ལྷོ་ཁ། ཉིང་ཁྲི་སོགས་ནང་ནད་པའི་གྲོངས་འབོར་འཕར་བཞིན་པའི་གནས་ཚུལ་ཐོན་མ་ཐག་ལྷ་ས་དང་། གཞིས་ཀ་རྩེ། མངའ་རིས་བཅས་སུ་གཞུང་གིས་ཐེམ་སྤངས་བཀའ་རྒྱ་དམ་པོ་བསྡམས། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ནའི་ནང་མི་གྲངས་ ༥༣༠༧༦ ཟུར་འཇོག་ཁང་ནས་བཞག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། ཕྱོགས་མཚུངས་བོད་རང་སྐྱོང་ལྗོངས་ཞེས་པའི་ཕྱི་རོལ་དཀར་མཛེས་སོགས་མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་དུ་ཐེམ་སྤང་བཀའ་རྒྱ་ཚུལ་བཞིན་མ་བསྡམས་པའི་རྐྱེན་གྱིས་ཉིན་རེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་འཐོན་བཞིན་ཡོད་པ་དང་། དེའི་ཁོངས་ནས་སི་ཁྲོན་ཞིང་ཆེན་གྱི་ཁྲེན་ཏུའུ་གྲོང་ཁྱེར་ཛ་དྲག་ཆེ་ཤོས་སུ་གྱུར་ཡོད།
ཛ་དྲག་ཆེ་བའི་སྐབས་སུ་རྒྱ་ནག་གཞུང་གིས་གནས་ཚུལ་སྦ་གསང་བྱས་ཏེ་གཞུང་འབྲེལ་གསར་ཁང་གིས་ཉེ་ལམ་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་འགྲོ་བཞིན་པའི་སྐབས་གཞུང་ངོས་ནས་ནད་ཡམས་འགོག་ཐབས་ཐད་འཐུས་ཤོར་ཕྱིན་མེད་སྐོར་གྱི་དྲིལ་བསྒྲགས་བྱས། ནད་ཡམས་ཁྱབ་གདལ་ཤུགས་ཆེ་རུ་ཕྱིན་པ་དང་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་ནད་འབུ་ (BA.2.76) ཞེས་པ་དེ་རྒྱལ་ཁབ་གཞན་ནས་སླེབས་པ་ཡིན་པའི་སྐོར་དང་། སྤུས་ཚད་མཐོ་བའི་སྨན་བཅོས་དང་དུས་ཐོག་མཁོ་ཆས་མཁོ་སྤྲོད་བྱེད་ཀྱི་ཡོད་སྐོར་གྱིས་མང་ཚོགས་ལ་བསླུ་བྲིད་བཏང་ཞིང་། འདི་ལོའི་ཟླ་བ་ ༠༨ ཚེས་ ༠༩ ཉིན་བོད་རང་སྐྱོང་ལྗོངས་ཞེས་པའི་དྲ་རྒྱའི་གནས་ཚུལ་ལྟེ་གནས་ (Internet Network Information Center) ཞེས་པས་ནད་ཡམས་ཁྱབ་གདལ་དང་འབྲེལ་བའི་དཀྲོག་གཏམ་སྤེལ་མཁན་དང་ནག་ཉེས་ཅན་ལ་གདོང་ལེན་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་། དྲིལ་བསྒྲགས་ཀྱི་བརྙན་འགའ་ཤས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་རྣམས་ཏོག་དབྱིབས་གཉན་རིམས་ལ་ཁ་གཏད་ཀྱི་དམག་རྒོལ་ནང་དཔའ་རྒོད་ཅན་ལྟ་བུར་བསྟན་ཡོད།
བོད་མི་རྣམས་འ་ཆད་འུ་ཐུག་གིས་རྒྱ་ནག་གཞུང་གི་ཡ་ང་བའི་ཟུར་འཇོག་ཁང་གི་གནས་སྟངས་དང་ཏོག་ནད་འགོག་ཐབས་སྲིད་བྱུས་ཀྱི་གནས་སྟངས་ངོ་མ་གང་ཡིན་བསྟན་པ་དེས་རྒྱ་གཞུང་གི་བཅོས་མིའི་ལས་འགུལ་ཐེར་འདོན་བྱས། དྲ་རྒྱའི་ཐོག་ཚང་ཁ་ཆེ་ཞིང་སྤུས་ཚད་ཞན་པའི་འཕྲལ་སེལ་སྨན་ཁང་དང་། མི་མང་པོ་ཞིག་སྤྱི་སྤྱོད་རླངས་འཁོར་བརྒྱུད་ཟུར་འཇོག་ཁང་གཞན་དུ་གནས་སྤོ་བཞིན་པའི་བརྙན་མཐོང་རྒྱུ་ཡོད། དོན་དངོས་ཐོག་ཟུར་འཇོག་ཁང་དེ་དག་ཏུ་འཐུང་ཆུ་གཙང་མ་དང་། ཟས་བཅུད། སྨན་སྦྱོར། ཁོར་ཡུག་གཙང་མ་སོགས་ཀྱི་གཞི་རྩའི་དགོས་མཁོ་སྦྱར་མེད། ལྷ་སའི་ཡུལ་མི་ཞིག་ནས་ཉེ་ལམ་ལྷ་སའི་གནས་སྟངས་ནི་ཧྲང་ཧེ་གྲོང་ཁྱེར་དུ་ཟླ་བ་གཉིས་ཀྱི་ཐེམ་སྤངས་བཀའ་རྒྱའི་སྐབས་གྲོང་མི་རྣམས་ལྟོགས་ཤི་ཐེབས་པའི་ཛ་དྲག་གནས་སྟངས་དང་མཚུངས་སྡུར་བྱས་ཡོད། ནད་འབུ་ཁྱབ་གདལ་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི་གཞུང་ངོས་ནས་ནད་གཞི་ཕོག་མེད་མཁན་རྣམས་ནད་པ་དང་ལྷན་དུ་མཉམ་བསྲེས་བྱས་ཏེ་དོ་དམ་ཚུལ་བཞིན་མ་བྱས་པའི་ལན་པ་ཡིན་ཞིང་། དེར་བརྟེན་ཉེན་རྟོག་པ་ནས་བཟུང་དང་བླངས་པ་བར་སྤྱི་ཚོགས་ཁྱོན་ཡོངས་སུ་ནད་ཡམས་ཁྱབ་གདལ་དུ་ཕྱིན་ཡོད།
རྒྱ་གཞུང་ནས་རྣམ་པ་འདྲ་མིན་ཐོག་ནས་འཁོན་ལན་སློག་མིན་ལ་མ་ལྟོས་པར་བོད་མི་རྣམས་ཀྱིས་སྤྱི་ཚོགས་དྲ་རྒྱའི་སྟེང་དཀའ་ངལ་གསལ་སྟོན་གྱིས་ས་གནས་དབང་འཛིན་པ་ཚོར་ནད་གཞི་ཡོད་མིན་ལ་མ་ལྟོས་པར་ཟུར་འཇོག་ཁང་དུ་བཞག་ཡོད་པའི་བོད་མི་རྣམས་ཀྱི་དགོས་མཁོ་འཕྲལ་དུ་བསྐོང་དགོས་པའི་འབོད་སྐུལ་ཞུས་ཡོད། མི་ཞིག་གིས། ང་ཚོར་ཏོག་དབྱིབས་ནད་གཞི་འགོས་མེད། འོན་ཀྱང་ཁོ་ཚོས་ང་ཚོར་འདིར་བསྐྱལ་སོང་། འདིར་སུས་འགན་ཁུར་གྱི་རེད་དམ། ཞེས་དང་། ཡང་གཞན་ཞིག་གིས། ཟུར་འཇོག་ཁང་དུ་ཁ་ཟས་བཙོག་པ་སྤྲད་པ་དེ་ཏག་ཏག་བསྡད་མེེད། ཁོང་ཚོ་ནད་པ་ཡིན་པ་ལས་བཙོན་པ་མ་རེད། གལ་ཏེ་ཁོང་ཚོར་ལྟ་རྟོག་བྱེད་མ་ཐུབ་ན་འདི་ལྟ་བུའི་ཡིད་མུག་པའི་གནས་སྟངས་འོག་ཟུར་འཇོག་ཁང་དུ་འཇོག་དགོས་དོན་མེད། ཅེས་བཤད། དེ་ལྟར་འཛིན་སྐྱོང་གི་ཡ་ང་སྙིང་རྗེ་མེད་པའི་བྱེད་སྟངས་ལ་མི་མང་པོས་ཡོངས་གྲགས་སུ་སྐྱོན་བརྗོད་བྱས་ཡོད། དེ་བཞིན་བོད་མི་གཞན་ཞིག་གིས། ང་ཚོ་མི་བརྒྱད་བརྒྱ་མཉམ་དུ་བཞག་སོང་། ང་ཚོར་ལྟ་སྐྱོང་བྱེད་པར་འདིར་ཟས་དང་། སྨན། འཕྲོད་ལས་པའི་མཐུན་རྐྱེན་འདང་ངེས་བཞིན་པ་མི་འདུག ཁ་ལག་མེད་པར་བྱིས་པ་ལྟོགས་ཤི་ཐེབས་ལ་ཉེ་བ་ཇི་ལྟར་གསོན་པོར་གནས་ཐུབ་བམ། ཞེས་འདྲི་བཞིན་འདུག
བོད་མི་རྣམས་ཀྱིས་དཔའ་མཛངས་ལྡན་པའི་ཐོག་ཉེ་ལམ་གྱི་དྲག་རྩུབ་ཆེ་བའི་གནས་སྟངས་གསལ་སྟོན་བྱས་པར་ལྷ་ས་མི་དམངས་སྲིད་གཞུང་གི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་གྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས་ལྷ་ས་སྲིད་གཞུང་གིས་ནད་ཡམས་ཁྱབ་གདལ་སྐབས་དོ་དམ་སྟངས་འཛིན་ཚུལ་བཞིན་མ་ཐུབ་པར་བཟོད་གསོལ་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་རྣམས་ཀྱིས་འཕྲོད་བསྟེན་མཐུན་རྐྱེན་ཞན་པའི་གནས་སྟངས་ལ་ཞེ་སུན་གྱིས་སྐྱོན་བརྗོད་བྱས་པར་རྒྱ་ནག་གཞུང་ནས་ངོས་ལེན་དང་། གཞུང་ངོས་ནས་དོ་དམ་ཚུལ་བཞིན་མ་བྱུང་བར་མི་མང་གིས་བསམ་ཚུལ་བཤད་པར་འཁོན་ལན་སློག་སྲིད་པར་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་སྟངས་འཛིན་ལ་འཐུས་ཤོར་བཏང་བ་དེ་འབྱུང་འགྱུར་འཚོག་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་འབྲེལ་བ་ཡོད་པར་ཚོད་དཔག་བྱེད། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་བཏོན་པའི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་དེ་ཉིད་ཚོགས་པའི་གནད་འགག་ཆེ་བའི་ཚོགས་འདུ་འཚོག་ལ་ཉེ་སྐབས་ཚོགས་པའི་འགལ་ཟླར་བསམ་ཚུལ་འདོན་མཁན་རྣམས་བཙན་བཟུང་དང་འགོག་ཐབས་སུ་བཀོལ་སྤྱོད་བྱེད་ཀྱི་ཡོད། གང་ལྟར་རྒྱ་གཞུང་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་དགོངས་དོན་ལྟར་བོད་མི་རྣམས་ཀྱི་ཐོབ་ཐང་ལ་གུས་བརྩི་དགོས་པ་མ་ཟད། ཁོང་ཚོར་བརྩི་བཀུར་དང་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ནང་གསལ་ལྟར་འདང་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་དང་གཞི་རྩའི་དགོས་མཁོ་ཁག་མཁོ་སྤྲོད་གནང་དགོས། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ནས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་ཆེད་བོད་མི་རྣམས་ལ་དུས་ཐོག་ཀྱི་སྨན་དང་གཞི་རྩའི་དགོས་མཁོ་ཅི་རིགས་ཀྱི་རོགས་སྐྱོར་གནང་མཁན་ཚོར་ཆོག་མཆན་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་མ་ཟད། བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགོག་ཐབས་སུ་ཁོང་ཚོའི་ཉམས་མྱོང་དང་མཁས་རྩལ་བེད་སྤྱོད་བྱེད་པར་རྒྱ་གཞུང་ནས་འགོག་རྐྱེན་མི་བཟོ་བའི་ཡིད་ཆེས་ཡོད། ང་ཚོས་བོད་ནང་ཏོག་དབྱིབས་གཉན་རིམས་འགོག་ཐབས་སླད་བོད་ཀྱི་གསོ་རིག་ནུས་སྤར་སྨན་དང་། སྨན་བཅོས་ཡོ་བྱད། སྨན་ཞབས་མ། དང་བླངས་པ་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུར་གྲ་སྒྲིག་ཨང་གསར་ཡོད། ཅེས་འཁོད་ཡོད་པ་བཅས། །
གསར་འགོད་བསྒྲགས་གཏམ་ངོ་མ་ཨིན་སྐད་ཐོག་སྤེལ་ཡོད་པས་ནང་དོན་ལ་ཧེ་བག་རྒྱུགས་ན་ཨིན་ཡིག་ཐོག་གི་བསྒྲགས་གཏམ་ལ་རྩ་འཛིན་ཡོང་བ་ཞུ།