༄༅། །རྒྱ་ནག་གཞུང་གིས་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ། བོད་ཀྱི་དགོན་སྡེའི་འཛིན་སྐྱོང་སྤྱི་དང་། བྱེ་བྲག་ཏུ་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་གིས་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་བེད་སྤྱོད་བཏང་དང་གཏོང་བཞིན་པའི་ཐོག ། དེང་སང་བོད་ཀྱི་ས་ཁུལ་ཁག་ཏུ་ཟབ་སྦྱོང་འཛིན་གྲྭ་དང་། བགྲོ་གླེང་ཚོགས་འདུ། གཏམ་བཤད་སྐོར་སྐྱོད་སོགས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་བོད་མི་སྐྱ་སེར་གཉིས་ལ་ཡང་སྲིད་སྐོར་སྤྱི་དང་། ཡང་སྒོས་སུ་༸རྒྱལ་བའི་ཡང་སྲིད་སྐོར་ལ་འཁྱོག་བརྗོད་ཀྱི་དྲིལ་བསྒྲགས་དང་། ལས་འགུལ་འདྲ་མིན་ཁྱོན་ཡོངས་ནས་སྤེལ་བཞིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་ཕྱི་ནང་གང་སར་གླེང་སློང་ཇི་སྙེད་ཅིག་ཡོང་གི་ཡོད་པ་དང་། ད་དུང་མུ་མཐུད་གླེང་སློང་འདྲ་མིན་ཡོང་ཉེན་ཡོད་སྟབས། ཚང་མའི་མཁྱེན་རྟོགས་སླད་བཀའ་ཤག་གི་ལངས་ཕྱོགས་གསལ་བཤད་ཞུ་རྒྱུར།
༡། བཀའ་ཤག་གི་ངོས་ནས་ཚད་མའི་ལུང་དང་། ༸མགོན་པོ་མཆོག་ཉིད་ཀྱིས་ཡང་ཡང་ཞལ་བཞེས་མཛད་པ་བཞིན་དགུང་གྲངས་ ༡༡༣ འཚོ་གཞེས་མཛད་རྒྱུར་ཡིད་ཆེས་གཙང་མ་ཡོད།
༢། བླ་སྤྲུལ་ཡང་སྲིད་ངོས་འཛིན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་ལམ་སྲོལ་ཞིག་ཡིན་ཞིང་། ཡང་སྲིད་ངོས་འཛིན་གྱི་གཞི་རྩའི་ལྟ་གྲུབ་ནི་སྐྱེ་བ་སྔ་ཕྱི་ཁས་བླངས་པ་ཞིག་ངེས་པར་དུ་དགོས་པ་ཡིན།
༣། ཨ་རིས་གཙོས་པའི་རྒྱལ་སྤྱིའི་རང་དབང་མང་གཙོའི་ཡུལ་ལུང་ཁག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་སྐོར་གྱི་བཀའ་དགོངས་ལ་རྒྱབ་སྐྱོར་གནང་བཞིན་པར་ལེགས་སོའི་བསྔགས་བརྗོད་དང་། བསམ་ཕྱོགས་མཐུན་པའི་རྒྱལ་ཁབ་གང་མང་གིས་དེ་ལྟར་གནང་ཐབས་ལ་འབད་བརྩོན་མུ་མཐུད་ཞུ་རྒྱུ།
༤། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་༸མགོན་པོ་མཆོག་གིས་ཕྱི་ལོ་ ༡༩༦༩ ལོ་ནས་བཀའ་སློབ་རིམ་ཕེབས་དང་། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཟིན་དང་། དེ་བཞིན་འབྱུང་འགྱུར་ཡང་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་གང་ཉིད་ཀྱིས་ཐག་གཅོད་མཛད་རྒྱུ་ལས། གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད།
༥། ཆོས་ཕྱོགས་ཀྱི་བྱ་བ་འདིའི་ཐད་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སུ་ཞིག་ལ་འགན་བསྐུར་ཇི་ལྟར་གནང་བ་བཞིན་དེའི་བརྒྱུད་རིམ་ནས་འགྲོ་དགོས་པ་ཞིག་ཡིན་ལ། བོད་མིའི་སྒྲིག་འཛུགས་ལ་ལས་འགན་གང་བསྐུར་སྐབས་དུས་སོ་སོའི་འབྲེལ་ཡོད་ནས་ཁུར་ངེས་ཡིན་པར་ཡིད་ཆེས་ཡོད།
༦། བཀའ་ཤག་གི་ངོས་ནས་སྐབས་འབྲེལ་གྱི་ཞུ་སྒོ་གཞན་རྣམས་གྲ་སྒྲིག་བྱེད་མུས་ཡིན་པ་བཅས་དེ་ལུགས་ཚང་མས་དགོངས་འཇགས་འཚལ། བཀའ་ཤག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༦ ལ།།