༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༩ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ཕྱི་ལོ་ ༢༠༢༣་་ ༢༠༢༤ ལོའི་ལས་གཞི་གོ་རྟོགས་དང་ཚོགས་མི་ཐོ་འགོད་ཞུ་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩:༣༠ ཙམ་ལ་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་། སྨན་བཅོས་ལྟ་སྐྱོང་ལས་གཞིའི་སློབ་སྟོན་པ་ཨ་ལོཀ་གུཔ་ཏ་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། སྨན་བཅོས་ལྟ་སྐྱོང་ཚན་པའི་འགན་འཛིན་པདྨ་གཡུ་སྒྲོན་ལགས། དེ་བཞིན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་གི་སྨན་ཁང་འགན་འཛིན་དང་འཕྲོད་ལས་པ་སོགས་མཉམ་ཞུགས་གནང་ཡོད། སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱི་དབུ་འབྱེད་གསུང་བཤད་ནང་། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཐོག་མར་འཛུགས་རྒྱུའི་དགོས་པ་དམིགས་ཡུལ་དང་། བྱུང་རིམ། དམིགས་ཚད་སོགས་ཀྱི་སྐོར་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ཉིད་ཁེ་མེད་ལས་གཞི་ཞིག་ཡིན་པའི་སྐོར། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་རང་ཁ་རང་གསོ་ཡོང་ཐབས་འབད་རྩོལ་གནང་གལ་ཆེ་བ་སོགས་ཀྱི་སྐོར་གསུངས་སོང་།
གཞན་ཡང་སྐབས་དེར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་སུ་འཛུལ་མཁན་ཚོགས་མིའི་དམིགས་ཚད་ལོང་མཁན་ས་གནས་རྡ་ས་དང་བྷན་དཱ་ར་བོད་མིའི་གཞིས་ཆགས་གཉིས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་སོང་བ་མ་ཟད། དམིགས་ཚད་ལོང་ལ་ཉེ་བའི་ས་གནས་ཁག་གཅིག་ལའང་ལེགས་གསོལ་ཕྱག་འཁྱེར་གནང་སོང་།བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཚན་པའི་འགན་འཛིན་པདྨ་གཡུ་སྒྲོན་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་ས་གནས་ཁག་གི་གསར་ཞུགས་ལས་བྱེད་རྣམས་ལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་ངོ་སྤྲོད་བྱ་རྒྱུ་དང་། རྩིས་ལོ་ ༢༠༢༣་་ ༢༠༢༤ ནང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ས་གནས་སོ་སོའི་མི་འབོར་ལ་གཞིགས་པའི་དམིགས་ཚད་གཏན་འབེབས་བྱ་རྒྱུ། འབྱུང་འགྱུར་མང་ཚོགས་ལ་སྨན་བཅོས་ལྟ་སྐྱོང་སྐོར་གོ་རྟོགས་ཇི་ལྟར་སྤེལ་རྒྱུ་དང་ལས་གཞི་ཚགས་ཚུད་གཏང་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༡༩ ནས་བཟུང་འདས་པའི་ལོ་གསུམ་ནང་ཏོག་དབྱིབས་གཉན་རིམས་རྐྱེན་པས་ཚོགས་འདུ་བསྐོང་ཚོགས་ཐུབ་མེད་སྟབས། དེ་ཉིད་ཁ་བསྐོང་སླད་བསྐོང་ཚོགས་གནང་བ་ཡིན་སྐོར་གསུངས་ཡོད། ཐེངས་འདིའི་ཚོགས་འདུ་ནང་རྒྱ་གར་ནང་གི་ས་གནས་ཁག་བཞི་བཅུ་ནས་ཚོགས་བཅར་བ་གྲངས་བཞི་བཅུ་ཞེ་བདུན་མཉམ་ཞུགས་གནང་འདུག
སྤྱིར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་ཐོག་མར་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་ལས་གཞིའི་ཁོངས་སུ་འཛུགས་ཞུགས་བྱེད་མི་ ༩༧༧༤ ཡོད། འདི་ལོར་ལས་གཞི་དེ་ཉིད་དབུ་འཛུགས་ནས་ལོ་ངོ་བཅུ་ཧྲིལ་པོ་འཁོར་བ་ཡོད་པ་དང་། ལས་གཞིའི་ཁོངས་འཛུལ་མཁན་ཚོགས་མི་གྲངས་ ༢༤༡༠༡ འདུག་པ་ནི་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གྲངས་འབོར་ལས་བརྒྱ་ཆ་བཞི་བཅུ་ཙམ་ཡིན་པ་བཅས།།