༄༅། །ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ (Human Rights Watch) རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་ནག་ཉེས་ཤེས་རྟོགས་ཟེར་བའི་ཆེད་དུ་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་ཁག་ཏུ་སྔོན་འགྲོའི་སློབ་གྲྭ་བྱིས་པ་རྣམས་ཚུད་པའི་བོད་མི་རྣམས་ཀྱི་མོས་མཐུན་མེད་པར་ཁོང་ཚོའི་རིགས་རྫས་གནས་ཚུལ་དཔེ་མཚོན་ (DNA) བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་བདུན་ཡོངས་རྫོགས་སུ་བོད་མིའི་འདོད་པ་མེད་བཞིན་དུ་བཙན་དབང་གིས་རིགས་རྫས་གནས་ཚུལ་དཔེ་མཚོན་བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད་པ་མ་ཟད། རིགས་རྫས་གནས་ཚུལ་དཔེ་མཚོན་བསྡུ་རུབ་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པའི་སྐོར་གསུངས་ཡོད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་སྔོན་འགྲོའི་སློབ་གྲྭ་བྱིས་པ་ལོ་ལྔ་ཅན་པ་རྣམས་ཚུད་པའི་བོད་མི་རྣམས་ཀྱི་རིགས་རྫས་གནས་ཚུལ་དཔེ་མཚོན་བསྡུ་རུབ་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོར་ཆབ་མདོ་གྲོང་སྡེ་ལས་ཁུངས་ཀྱིས་བོད་མི་ཡོངས་རྫོགས་ཀྱི་རིགས་རྫས་གནས་ཚུལ་དཔེ་མཚོན་བསྡུ་རུབ་བྱ་རྒྱུ་ཡིན་པའི་སྙན་ཐོ་བཏོན་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༤ ནང་སྙེ་མོ་རྫོང་དུ་ལྷ་ས་གྲོང་སྡེ་ལས་ཁུངས་ཀྱིས་སྔོན་འགྲོའི་སློབ་གྲྭ་བྱིས་པ་རྣམས་ཀྱི་ཕ་མ་ཚོར་གོ་བསྡུར་མ་བྱས་པར་ཁོང་ཚོའི་རིགས་རྫས་གནས་ཚུལ་དཔེ་མཚོན་བསྡུ་རུབ་བྱས་ཡོད་པ་སྙན་ཐོ་བཏོན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བོད་མིའི་མོས་མཐུན་མེད་པར་རིགས་རྫས་གནས་ཚུལ་དཔེ་མཚོན་བསྡུ་རུབ་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་བོད་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པ་སོགས་ཀྱི་སྐོར་གསུངས་ཡོད། ཨོསྟྲི་ཡཱའི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་ཉམས་ཞིབ་པ་རྣམ་པས་ (Australian Strategic Policy Institute) རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ལ་ཆེད་དམིགས་ཀྱིས་རིགས་རྫས་གནས་ཚུལ་དཔེ་མཚོན་བསྡུ་རུབ་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱིས་པ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་བཞག་པའི་གྲོས་མཐུན་དོན་ཚན་ ༡༦ པར་རྩིས་མེད་རྡོག་རོལ་བཏང་བ་ཡིན་པའི་སྐོར་སྙན་ཐོ་བཏོན་ཡོད། །