༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༩ ཚེས་ ༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་གྲོང་ཁྱེར་བྷོས་ཊོན་དུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཉི་ཤུ་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་དང་། བསྟན་འཛིན་འཇིགས་མེད་ལགས། བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་སྟངས་འཛིན་འོག་བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་ ༢༢ ཀྱི་སྐུ་ཚབ་རྣམས་ནས་སྔར་ལོའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། འདི་ལོའི་གྲོས་གཞི་ཁག་གསུམ་གྱི་ཐོག་བགྲོ་གླེང་གནང་། འདི་ལོའི་གྲོས་གཞི་ཁག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་དགོངས་བཞེད་ཁྱབ་འཕེལ་གཏང་རྒྱུ་དང་། བོད་དོན་འཐབ་རྩོད་སྲ་བརྟན་གཏོང་ཐབས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཕྱོགས་བཅས་ཡིན་པ་རེད། གཞན་ཡང་ཚོགས་འདུའི་ཐོག་ཡོང་འགྱུར་ཕྱི་ཟླ་ ༡༠ ནང་རྡ་ས་བོད་ཕྲུག་ཁྱིམ་སྡེ་དང་མཉམ་སྦྲེལ་གྱིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་བ་མ་ཟད། དེ་བཞིན་དགའ་ལྡན་ཕོ་བྲང་བོད་མི་རིགས་དང་རྒྱལ་ཁབ་ལ་གལ་གནད་ཆེ་བའི་ཁར་བོད་ཀྱི་འཐབ་རྩོད་ལ་ལམ་སྟོན་ཆེད་དགོས་གལ་གྱི་གྲོས་ཆོད་ཅིག་ཀྱང་གཏན་འབེབས་གནང་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཡོངས་གནས་བབ་དང་བོད་དོན་ཞུ་གཏུག་གི་གལ་གནད་དང་འབྲེལ། བོད་དོན་ཞུ་གཏུག་ཉིན་མོ་དང་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བཏོན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྐོར་གསུང་བཤད་གནང་ཞིང་། ཚོགས་བཅར་བ་ཡོངས་ནས་སྤྱི་མོས་ཐོག་ཁྲིམས་འཆར་དེ་ཉིད་གཏན་འབེབས་ཡོང་བར་འབད་རྩོལ་གནང་རྒྱུའི་ཐག་གཅོད་གནང་ཡོད།
རྗེས་ལོའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཉེར་གཅིག་པ་དེ་བཞིན་ཀྲོ་རོན་ཊོར་ཕྱི་ཟླ་ ༠༩ ཚེས་ ༢ ནས་ ༤ བར་འཚོག་རྒྱུའི་ཐག་གཅོད་གནང་སྟེ་ཐེངས་འདིའི་ཚོགས་འདུ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།