༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་མཁས་མང་བྱེ་བའི་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡ ནས་ ༧ བར་གྱི་རྒྱ་གར་བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་ཞིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། དམིགས་བསལ་སྐུ་མགྲོན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དབང་ཕྱུག་ལགས་དང་། ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་སྙན་གྲགས་ལགས། གཞན་ཡང་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་བཅས་ཚོགས་ཕེབས་གནང་ཡོད།ཟབ་སྦྱོང་གི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་སྦྲགས་རིགས་ལམ་འདུ་འཛོམས་ཀྱི་རྒྱབ་ལྗོངས་དང་ཉིན་གྲངས་བདུན་རིང་གི་ལས་རིམ་ཁག་ངོ་སྤྲོད་གནང་བའི་ནང་། ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་རྒྱ་གར་བྱང་ཤར་དང་ལྷོ་ཁུལ་སློབ་ཁག་བཅུ་བཞི་ནས་སློབ་ཕྲུག་ཕོ་མོ་གྲངས་ ༡༡༣ དང་ལྟ་གྲུབ་དགེ་རྒན་གྲངས་ ༡༤ བཅས་ཁྱོན་བསྡོམས་དགེ་སློབ་གྲངས་ ༡༢༧ གྱིས་མཉམ་ཞུགས་གནང་ཡོད་པ་དང་། སྔ་དྲོ་ཆུ་ཚོད་ ༦ ནས་དགོང་མོ་ཆུ་ཚོད་ ༨།༣༠ བར་གྱི་ལས་རིམ་ཁོངས་འཛིན་རིམ་སོ་སོར་འཛིན་གྲྭ་འཚོགས་རྒྱུ་དང་། དམ་བཅའ་དང་དམ་བཅའ་ཆེན་མོ། སློབ་ཕྲུག་རེ་རེའི་དབར་རྩོད་ཟླ་བསྒྲིག་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་མ་ཟད། དགོང་མོའི་རྩོད་སྦྱོང་སྐབས་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭའི་དགེ་འདུན་པ་རྣམས་དང་རིགས་ལམ་འདུ་འཛོམས་སུ་ཕེབས་པའི་སློབ་ཕྲུག་དབར་རྟགས་གསལ་གཏོང་རྒྱུ་སོགས་ཀྱི་བྱེད་སྒོ་ངོ་སྤྲོད་ཞུས།
དེ་ནས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དབང་ཕྱུག་ལགས་ཀྱིས་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་དེ་དག་ཆོས་པ་གཅིག་པོས་སྦྱང་རྒྱུ་ཞིག་མིན་པར། སྐྱ་སེར་ཕོ་མོ་ཐུན་མོང་གིས་སྦྱང་རྒྱུ་ཞིག་ཡིན་པའི་སྐོར་མ་འོངས་མངོན་གཟིགས་ཀྱི་ལུང་བསྟན་རིམ་པ་ཕེབས་པ་ལྟར། ཤེས་རིག་ལས་ཁུངས་ནས་དེ་སྔ་ཡང་རིགས་ལམ་འདུ་འཛོམས་ལན་མང་གོ་སྒྲིག་གནང་ཡོད་པ་དང་། ད་ལན་ཡང་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་དང་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་ཀྱི་ལས་གཞི་ཁག་གཉིས་འབྲས་སྤུངས་བློ་གསལ་གླིང་དུ་གོ་སྒྲིག་ཞུ་འཆར་སྐོར་འདི་ལོ་ཕྱི་ཟླ་ ༥ ནས་གོ་བསྡུར་བྱུང་བ་ལྟར། དངོས་སུ་འདུ་འཛོམས་ཐུབ་པར་དགའ་པོ་བྱུང་བ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་འཆར་གཞི་ལྟར་མཐར་ལས་གཞི་གཉིས་པོ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ཐུབ་པར་གྲྭ་ཚང་གི་ངོས་ནས་མཐུན་འགྱུར་གང་དགོས་ཞུ་རྒྱུ་ཡིན། ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གཉིས་ནས་ལས་གཞི་གོ་སྒྲིག་ཐུབ་པ་ཙམ་གྱིས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་དཀའ་བས། མཆོད་སྤྲིན་ངོ་མ་དེ་འདི་གར་ཕེབས་པའི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་ཚོའི་རྒྱུན་ལྡན་གྱི་འབད་བརྩོན་དང་། ལྷག་པར་འདི་གར་བདུན་གཅིག་རིང་སྦྱོང་བརྡར་གནང་བ་དེ་དོན་དང་ལྡན་པ་ཞིག་བྱུང་ན། ཤེས་རིག་ལས་ཁུངས་ཀྱི་འགྲོ་གྲོན་ཆུད་ཟོས་སུ་མི་འགྲོ་བ་དང་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མར་འགྱུར་ཐུབ་པ་ཡིན་གསུངས།དེ་མིན་སློབ་ཕྲུག་དང་དགེ་རྒན་རྣམ་པར་རིགས་ལམ་གྱི་སྦྱོང་བརྡར་ཡག་པོ་ཡོང་བར་འདི་གའི་གྲྭ་མང་དང་གྲྭ་ཚང་གི་སློབ་ཕྲུག་རྣམས་རྩོད་ཟླར་གཏོང་རྒྱུ་སོགས་ཀྱི་ཐད་རྒྱབ་སྐྱོར་ཇི་དགོས་ཞུ་རྒྱུ་ཡིན། དེ་བཞིན་འདི་གར་དགེ་བའི་བཤེས་གཉེན་མཁས་པ་མང་པོ་ཡོད་པའི་སྐུ་མདུན་ནས་སློབ་ཕྲུག་ཚོའི་སེམས་ཁམས་དང་མཐུན་པར་རིགས་ལམ་དང་ནང་ཆོས་ལ་དོ་སྣང་ཡོང་སླད་བཀའ་སློབ་ཞུ་དགོས་མཆིས་ཚེ་ལྟ་གྲུབ་དགེ་རྒན་ལྷན་དུ་བཀའ་བསྡུར་གྱིས་མཐུན་འགྱུར་ཇི་དགོས་ཞུ་རྒྱུ་ཡིན་སྐོར་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་དགེ་སློབ་རྣམས་ལ་རིགས་ལམ་གྱི་གལ་གནད་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་དོན་དུ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཚུངས་ཟླ་མ་མཆིས་པ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་ཞི་བདེའི་དེད་དཔོན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པའི་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་བའི་ཐོག་ནས། དེ་རིང་འདི་གར་ཤེས་རིག་ལས་ཁུངས་དང་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་རྒྱ་གར་བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་གོ་སྒྲིག་གནང་བ་ལྟར། མཛད་སྒོ་འདིར་ཕེབས་པའི་དམིགས་བསལ་སྐུ་མགྲོན་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཕྱག་མཛོད་སྐུ་བགྲེས་དབུས་པའི་ཚོགས་བཅར་བ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྒེར་གྱི་ངོས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ངས་འདི་ནས་གཏམ་བཤད་འབུལ་རྒྱུའི་བརྗོད་གཞི་དེ་རིགས་ལམ་གྱི་གལ་གནད་ཐོག་ཡིན་སྟབས། འདི་གར་ལྟ་གྲུབ་དགེ་རྒན་མང་པོ་ཞིག་ཕེབས་ཡོད་པར་བརྟེན་ཁོང་རྣམ་པའི་མདུན་ལ་ངས་རིགས་ལམ་གྱི་གལ་གནད་སྐོར་བཤད་ན། སྤྱན་རས་གཟིགས་ལ་མ་ཎིའི་ལུང་བསྟན་བཞིན་ཆགས་ཀྱི་རེད་དེ། སློབ་ཕྲུག་མང་པོ་ཞིག་ཕེབས་ཡོད་པས་ལྟ་གྲུབ་དགེ་རྒན་རྣམ་པས་རྒྱུན་དུ་གསུང་བཞིན་པ་དེ་དང་ཕྱོགས་མཐུན་པ་ཞིག་ངས་ཞུས་ན། སློབ་ཕྲུག་ཚོའི་སེམས་སུ་འཇགས་རྒྱུའི་རེ་བ་ཆེ་བ་ཡོད་པར་དྲན་ཏེ་རིགས་ལམ་གྱི་གལ་གནད་སྐོར་རྒྱུ་མཚན་ནམ་གནད་དོན་ཁག་གཅིག་ཞུ་རྒྱུ་ཡིན། རིགས་ལམ་དེ་གལ་ཆེན་པོ་ཡིན་པ་ཞུ་མི་དགོས་པ་དང་། འོན་ཀྱང་ང་ཚོའི་བསམ་བློའི་ནང་ལ་རིགས་ལམ་དེ་ནང་ཆོས་སམ་གཞུང་ཆེན་མོ་ལ་སློབ་སྦྱོང་བྱེད་མཁན་ཚོས་སྦྱང་རྒྱུ་ཞིག་ཡིན་པ་མ་གཏོགས། རིགས་ལམ་གྱི་རྣམ་གཞག་ནི་ཤེས་བྱ་མཐའ་ཡས་པ་ལ་སྦྱར་རྒྱུ་ཡོད་པ་དེ་ང་ཚོའི་བསམ་བློའི་ནང་འཁོར་ཁག་པོ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་དེ་ནང་ཆོས་ཀྱི་གཞུང་ཆེན་སྦྱོང་རྒྱུ་ཙམ་མིན་པ། རིགས་ལམ་སྦྱོང་མཁན་ཡང་ཆོས་པ་ཙམ་མ་ཡིན་པ། དེ་ལས་གྲྭ་བཙུན་ཙམ་མིན་པར་མི་སྐྱ་ཕོ་མོ་ནས་བཟུང་སྟེ་རིག་པའི་རྣམ་གཞག་ལ་འཇུག་མཁན་སྐྱེ་བོ་སུ་འདྲ་ཞིག་ཡིན་ནའང་། རང་ཉིད་ཀྱི་འཇུག་བྱའི་ཡུལ་དེ་བདེ་བླག་ཏུ་རྟོགས་པར་རིགས་ལམ་དེ་བླ་ན་མེད་པ་ཞིག་ཡིན་པ་མཁྱེན་ནས་ཁོང་གིས་རིགས་ལམ་དེ་སྐྱ་སེར་དབྱེ་བ་མེད་པས་སྦྱོང་རྒྱུ་གལ་ཆེན་པོ་ཡིན་པ་ལམ་སྟོན་རིམ་པ་གནང་ཡོད།
ལམ་སྟོན་དེ་དག་ལས་ལུང་འདྲེན་ཞིག་བྱེད་ན། “ང་ཚོ་ཚང་མས་ནང་པའི་གཞུང་ཆེན་མོར་སློབ་སྦྱོང་བྱེད་ནས་ཤེས་པར་བྱ་བ་ཀུན་ཏུ་གལ་ཆེན་པོ་ཡིན། དད་པ་བྱེད་པ་ཡག་པོ་རེད་དེ། དེ་ཙམ་གྱིས་མི་འཚམས་པར་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བར་རིགས་ལམ་གྱི་རྣམ་གཞག་ནི་ཧ་ཅང་གལ་ཆེན་པོ་ཡིན།” ཞེས་པའི་དོན་ནི། ཤེས་བྱའི་གནས་ཇི་འདྲ་ཞིག་ཡིན་རུང་ངེས་པ་གཏིང་ནས་རྙེད་པ་ཞིག་དགོས། དཔེར་ན། ང་ཚོས་སངས་རྒྱས་ལ་དད་པ་བྱེད་པར་ཕ་མེས་ཡང་མེས་ནས་སངས་རྒྱས་ལ་སྐྱབས་སུ་མཆི་ཞེས་པ་ཙམ་ལས། སྐྱབས་སུ་མཆི་བའི་ངོ་བོ་དང་བྱེད་ལས་ཇི་ལྟར་ཡིན་མིན་ཐོག་རིགས་པས་དཔྱད་ནས་དད་པ་ཐོབ་པ་དེ་དད་པ་བརྟན་པོ་ཡིན་པ་དང་། དེས་ན་ངེས་པ་རྙེད་ནས་དད་པ་འཐོབ་པར་ངེས་པར་དུ་རིགས་ལམ་ལ་སློབ་སྦྱོང་བྱ་དགོས།
དེ་བཞིན་༸གོང་ས་མཆོག་གིས་རིགས་ལམ་ནི་ཧ་ཅང་གལ་ཆེན་པོ་ཡིན་པའི་བཀའ་སློབ་གཞན་ནི། “ངོས་ཀྱིས་དྲུག་ཅུ་རྩ་གྲངས་ནས་སློབ་གྲྭ་ཁག་ལ་རིགས་ལམ་སློབ་དགོས་སྐོར་མང་པོ་བཤད་ཡོད་ཀྱང་། དེ་ཐོག་ལག་ལེན་དུ་འཁེལ་མེད། དེ་དུས་ནས་འགོ་ཡག་པོ་བརྩམས་ཡོད་ན་ད་གཟོད་གང་འཚམས་ནུས་པ་ཐོན་ཡོད་ཀྱི་རེད། དེ་མ་བྱུང་བ་རེད།” ཅེས་གསུངས་པ་ནི། ང་ཚོའི་འཐུས་ཤོར་ཆེན་པོ་ཞིག་ཡིན་པས་འདིར་ཕེབས་པ་ཚང་མ་འཐུས་ཤོར་དེ་བསུབ་རྒྱུར་འགན་གཙོ་བོ་འཁྱེར་མཁན་ཁོ་ན་ཡིན་སྟབས་ངས་ལུང་འདྲེན་འདི་དག་ཞུས་པ་ཡིན། དེས་ན་རིགས་ལམ་ནི་སྤྱིར་གལ་ཆེ་ཚུལ་དང་། ལྷག་པར་ཤེས་བྱའི་གནས་ལ་འཇུག་མཁན་ཡོངས་རྫོགས་རང་ཉིད་འཇུག་བྱའི་ཤེས་བྱ་དེ་བདེ་བླག་ཏུ་རྟོགས་རྒྱུའི་ཐབས་བླ་ན་མེད་པ་ཞིག་ཡིན་པ་༸གོང་ས་མཆོག་གིས་མཁྱེན་ནས། རིགས་ལམ་དེ་ཆོས་བྱེད་པ་པོ་གཅིག་པོ་མ་ཡིན་པར་ཤེས་བྱའི་གནས་སྦྱོང་མཁན་ཡོངས་ལ་སྤྲོད་རྒྱུའི་ལམ་སྟོན་གནང་ཡོད་ཀྱང་། དེ་ཙམ་གྱིས་ལག་ལེན་འཁེལ་མེད། དེ་རིང་འདིར་སློབ་ཕྲུག་ཚོའི་རིགས་ལམ་འགོ་འཛུགས་བཞིན་ཡོད་པས་ལྟ་གྲུབ་དགེ་རྒན་རྣམ་པས་ཐུགས་ཁུར་ཆེ་བཞེས་གནང་བ་དང་། ལྷག་པར་ཤེས་རིག་ལས་ཁུངས་ནས་འགན་ཆེན་པོ་བཞེས་ཏེ་ལས་རིམ་འདི་ལྟ་བུ་གོ་སྒྲིག་གནང་བ་བསྔགས་བརྗོད་བྱ་འོས་པ་དང་། དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་ངོས་ནས་ལས་རིམ་འདི་དག་གི་ཆེད་དུ་ཚན་རིག་ལྟེ་གནས་ཁང་འདི་ལྟ་བུ་མཐུན་འགྱུར་གནང་བ་གྲྭ་ཚང་རིན་པོ་ཆེ་ལའང་བསྔགས་བརྗོད་ཞུ་རྒྱུ་ཡིན།ངས་རིགས་ལམ་གལ་ཆེན་པོ་ཡིན་པའི་དཔེ་མཚོན་ཞིག་ཞུ་རྒྱུ་ཡིན། དཔེར་ན། ང་ཚོ་འཛམ་བུ་གླིང་ཡོངས་རྫོགས་ཀྱིས་ཁས་ལེན་པ་ནི་ཚན་རིག་རེད། མི་ཚང་མ་ཚན་རིག་ལ་ཡིད་དབང་འཕྲོག་བཞིན་ཡོད། ང་ཚོའི་རིགས་ལམ་དེ་སྦྱོང་མཁན་ལ་མཚན་ཉིད་པའམ་ཚད་མ་རིག་པ་བ་ཟེར་གྱི་རེད། དེ་ཚོ་ནི་ཚིག་གི་ཆ་ནས་ཚན་རིག་དང་འདྲ་ཡང་། དོན་གྱི་ཆ་ནས་ང་ཚོའི་ཚན་རིག་དེ་ད་ལྟའི་ཆ་ནས་ཕྱི་དངོས་པོའི་ཆ་ནས་ཚན་རིག་ཞིབ་འཇུག་གིས་གྲུབ་འབྲས་བླ་ན་མེད་པ་ཐོན་ཏེ་འཛམ་བུ་གླིང་སྟེང་དུ་ཁས་ལེན་བཞིན་ཡོད། འོན་ཀྱང་ནང་དངོས་པོའི་སེམས་དང་སེམས་བྱུང་གི་རྣམ་གཞག་ཐོག་ཚན་རིག་པས་རྗེས་ཟིན་གྱི་མེད། ཚན་རིག་གིས་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་བཏང་བ་ལ་བརྟེན་ནས་མི་མང་ལ་བདེ་སྐྱིད་སྐྲུན་གྱི་ཡོད་སྟབས་ང་ཚོས་ཕྱི་དངོས་པོའི་ཚན་རིག་དེ་ཁས་ལེན་གྱི་ཡོད། འོན་ཀྱང་ནང་བསམ་བློའི་ཚན་རིག་དེ་བདག་ཅག་གི་སྟོན་པས་ལོ་ཉིས་སྟོང་སྔོན་ནས་སྲོལ་གཏོད་ནས་ད་ལྟའི་བར་དུ་ནང་པ་སངས་རྒྱས་པའི་སློབ་དཔོན་དང་སྐྱེས་ཆེན་དམ་པ་རྣམ་པས་དེ་སློབ་སྦྱོང་གནང་བ་མ་གཏོགས། སྤྱི་ཚོགས་ཀྱི་ཐོག་ལ་ཕྱིའི་དངོས་པོ་བཞིན་ད་དུང་འགྲོ་ཐུབ་ཀྱི་མེད་སྟབས། སྤྱི་ཚོགས་ཀྱི་ཐོག་ལ་དེ་ཙམ་གྱི་ངོས་ལེན་ནམ་སྤྱི་ཚོགས་ཀྱི་འགྲོ་བར་བདེ་སྐྱིད་སྐྲུན་བྱེད་ཀྱི་ཐབས་ཡང་དག་ཅིག་ལ་སྤྱི་ཡོངས་ཀྱི་ངོས་འཛིན་འཐོབ་རྒྱུ་ཁག་པོ་ཆགས་ཡོད།
འོན་ཀྱང་འགྲོ་བར་བདེ་སྐྱིད་སྐྲུན་བྱེད་ཀྱི་ཐབས་བླ་ན་མེད་པ་དེ་ཕྱི་དངོས་པོའི་ཚན་རིག་དེ་རེད་དམ། ནང་སེམས་ཀྱི་ཚན་རིག་དེ་རེད་ཟེར་ན་ཐག་ཆོད་པོའི་ཐོག་ནས་ནང་སེམས་ཀྱི་ཚན་རིག་དེ་རེད་ཅེས་ཞུ་ཐུབ་ཀྱི་རེད། རྒྱུ་མཚན་ནི། ཕྱི་དངོས་པོ་ཡར་རྒྱས་ཕྱིན་པར་བརྟེན་སྤྱི་ཚོགས་ལ་བདེ་སྐྱིད་སྐྲུན་གྱི་ཡོད་ཀྱང་། དེ་རང་ལ་ཆགས་ཞེན་ཆེ་དྲགས་ན་དེས་སྤྱི་ཚོགས་ལ་སྡུག་བསྔལ་སྤྲོད་བྱེད་དུ་མི་སྲིད་པའི་ངེས་པ་མེད། དཔེར་ན། ད་ལྟའི་འཛམ་གླིང་གི་ཡར་རྒྱས་དེ་འཛམ་གླིང་ལ་བདེ་སྐྱིད་སྐྲུན་བྱེད་རེད་དམ། སྡུག་བསྔལ་སྐྲུན་བྱེད་རེད་ཟེར་ན་རྣམ་དཔྱོད་ཅན་གྱི་མིས་ཐག་ཆོད་པོའི་ཐོག་ནས་བདེ་སྐྱིད་སྐྲུན་བྱེད་རེད་ཅེས་གསུང་ཐུབ་ཀྱི་མ་རེད། ཡིན་ནའང་ནང་བསམ་བློའི་ཚན་རིག་དེ་ཡར་རྒྱས་ཕྱིན་ན་དེས་སྤྲོད་པའི་བདེ་སྐྱིད་དེ་ངོ་བོ་ཉིད་ཀྱི་བདེ་སྐྱིད་དེ་ཡིན་པས། བདེ་སྐྱིད་ཀྱི་ངོ་བོ་འགྱུར་བ་མེད་པ་ཞིག་སྐྲུན་པ་ལས་བདེ་སྐྱིད་དེས་གང་ཟག་རེ་ཟུང་ལ་སྡུག་བསྔལ་དང་མི་བདེ་བ་བཟོ་བའི་རྒྱུ་རུ་མི་འགྲོ་བ་ང་ཚོས་ཐག་ཆོད་པོའི་ཐོག་ནས་ཞུ་ཐུབ་ཀྱི་རེད། རྒྱུ་མཚན་ནི། བདེ་སྐྱིད་དང་སྡུག་བསྔལ་ཟེར་བ་ནང་བསམ་བློའི་འགྱུར་བ་ཞིག་ལ་བརྟེན་ནས་ཡོང་གི་ཡོད། དེའི་འབྲས་བུར་ང་ཚོས་ཕྱི་དངོས་པོའི་འགྱུར་མཐོང་གི་ཡོད། ནང་བསམ་བློའི་འགྱུར་བ་ང་ཚོས་མཐོང་གི་མེད། དེས་ན་ཕྱི་དངོས་པོའི་ཚན་རིག་དེ་འཛམ་གླིང་སྟེང་ཁས་ལེན་བྱེད་ཀྱི་ཡོད་ཀྱང་། ནང་བསམ་བློའི་ཚན་རིག་དེ་ཙམ་གྱི་འགྲོ་ཐུབ་ཀྱི་མེད། དེ་རྒྱུ་མཚན་གྱིས་མ་འདང་བ་མིན་ཡང་དཔྱད་པ་པོའི་ངོས་ནས་བློ་སྟོབས་ཀྱིས་མ་འདང་བ་ཡིན་སྟབས་འགྲོ་ཐུབ་ཀྱི་མེད། དེས་ན་རིགས་ལམ་སྦྱོང་མཁན་རྣམ་པ་ཚོ་ནང་བསམ་བློའི་ཚན་རིག་སྦྱོང་མཁན་གྱི་གྲས་ལ་ཚུད་ཡོད།
རིགས་ལམ་ཟེར་བ་ནི་ཚན་རིག་པས་ཕྱི་དངོས་པོའི་ཚན་རིག་ལ་དཔྱད་པ་བྱེད་ཆས་འཕྲུལ་ཆས་ཡོད་པ་ལྟར། ནང་བསམ་བློའི་ཚན་རིག་ལ་དཔྱད་པ་བྱེད་ཆས་དེ་རིགས་ལམ་ཡིན། དེས་ན་ཕྱི་དངོས་པོར་དཔྱད་པ་བྱེད་ཆས་ཀྱི་འཕྲུལ་ཆས་ལ་ནོར་བ་ཡོད་པ་དང་། ནང་བསམ་བློའི་ཚན་རིག་གི་དཔྱད་པ་བྱེད་ཆས་དེ་ནོར་བ་མེད། དེས་ན་རིགས་ལམ་ཟེར་བ་གང་དུ་སྦྱར་ཀྱང་སྦྱར་ཆོག་པའི་སྐོར་ལམ་སྟོན་གནང་བ་བཞིན། ལྟ་གྲུབ་དགེ་རྒན་རྣམ་པས་ཀྱང་སློབ་ཁྲིད་གནང་གི་ཡོད། དེ་མིན་རིགས་ལམ་ལ་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། ང་ཚོས་ནམ་རྒྱུན་ངག་ཐོག་ནས་སྦྱངས་པ་དང་སོ་སོས་ཁུ་སིམ་པོས་སྦྱངས་པའི་ཤེས་ཡོན་དེ་དྲན་པ་བརྗེད་སླ་བ་དང་། རིགས་ལམ་གྱི་རྩོད་ཟླ་བསྒྲིགས་ནས་ཤེས་པའི་ཤེས་ཡོན་དེ་དྲན་པ་བརྗེད་རྒྱུ་ཁག་པོ་ཡོད་པ་ནི་རིགས་ལམ་གྱི་ཁྱད་ཆོས་ཤིག་ཡིན། ཁྱད་ཆོས་གཉིས་པར་ང་ཚོས་ནམ་རྒྱུན་ཁུ་སིམ་པོར་སྦྱང་ན་བློ་འཛིན་བྱེད་རྒྱུ་ཡིན་རུང་གནས་ལུགས་དེ་ཤེས་པར་འགོར་བ་དང་། རིགས་ལམ་གྱི་ལུས་ཀྱི་རྣམ་འགྱུར་ངག་གི་ཐལ་སྒྲའི་ཐོག་ནས་སྦྱངས་པ་དེ་ཤེས་རྒྱུར་མགྱོགས་པ་དང་ཤེས་པ་དེ་བརྟན་པོར་བསྡད་རྒྱུ་གཉིས་ཀར་ཕན་ཐོགས་ཡོད་པ་མ་ཟད། ལུས་ཀྱི་རྣམ་འགྱུར་གྱི་ཐོག་ནས་ནང་གི་རིགས་ལམ་འཕེལ་བར་ཕན་ཐོགས་ཡོད། དེས་ན་རྣམ་འགྱུར་དེས་ནང་གི་བསམ་བློའི་རིག་པ་གོང་དུ་འཕེལ་བར་རོགས་ཕན་བྱེད་ཀྱི་རེད།
དེས་ན་རིགས་ལམ་ཟེར་བ་དེ་ཇི་ལྟར་གལ་ཆེན་པོ་ཡིན་པ་ནི། ཚན་རིག་པས་ཕྱི་དངོས་པོ་ལ་དཔྱད་པ་བྱེད་སྐབས་འཕྲུལ་ཆས་གལ་ཆེན་པོ་ཡིན་པ་ལྟར། ནང་བསམ་བློའི་ཚན་རིག་ལ་དཔྱད་པ་བྱེད་པའི་འཕྲུལ་ཆས་ལྟ་བུ་དེ་རིགས་ལམ་ཉིད་ཡིན་པ་རེད། གཞན་ཡང་རིགས་ལམ་ཟེར་བ་དེས་རྣམ་དཔྱོད་ལ་ཕན་ཐོགས་ཀྱི་རེད། ལེགས་ཉེས་རྣམ་པར་འབྱེད་པའི་རྣམ་དཔྱོད་ལ་ཕན་ཐོགས་ཀྱི་རེད། འདི་བརྒྱུད་ལེགས་པ་དང་ཉེས་པ། བཟང་བ་དང་ངན་པ། བདེན་པ་དང་རྫུན་པ་སོགས་ཀྱི་རྣམ་གཞག་ཆ་ཚང་རིགས་ལམ་གྱིས་འབྱེད་ཀྱི་ཡོད་པས་རིགས་ལམ་ནི་ཤེས་བྱའི་གནས་ཀུན་ལ་སྦྱར་ཆོག་པའི་ཐབས་ལམ་གལ་ཆེན་པོ་ཞིག་ཡིན་པ་སོགས་ཀྱི་ལམ་སྟོན་གསུང་བཤད་ཟབ་ཅིང་རྒྱས་པ་གནང་བ་དང་། དེ་རྗེས་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་དགེ་དང་ཚན་རིག་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་གི་འཛིན་གྲྭ་སྡེ་ཚན་ཁག་གཉིས་སུ་གཟིགས་ཞིབ་དང་དགེ་རྒན་རྣམས་ལ་རིགས་ལམ་གྱི་གལ་གནད་སྐོར་ལམ་སྟོན་ཡང་གནང་།
མཐར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་ལགས་ཀྱིས་སྐུ་མགྲོན་གཙོ་བོ་གཙོས་པའི་ཕྱག་མཛོད་རྣམ་པ་དང་། ཕྱོགས་མཐའ་ནས་ཕེབས་པའི་དགེ་སློབ་ཚང་མར་དངོས་སུ་ས་གནས་སུ་བདེ་འབྱོར་བྱུང་སྟེ་འདུ་འཛོམས་ལ་མཉམ་ཞུགས་ཐུབ་པར་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་རིམ་ལེགས་པར་མཇུག་སྒྲིལ། །