༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་རིགས་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་དུ་ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་༢༢ ཉིན་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ཚོགས་འདུའི་ཐོག་རྒྱ་བལ་གཉིས་ནས་བོད་རིགས་སྒྱུ་རྩལ་བ་དང་ཉམས་ཞིབ་པ་ཁྱོན་བསྡོམས་ ༣༤ མཉམ་ཞུགས་ཀྱིས་ཚོགས་བཅར་བ་སོ་སོའི་སྒྱུ་རྩལ་ཁྱད་ལས་ཐང་ཀ་འབྲི་བཞེངས་དང་། རྐང་བྲོ་གླུ་གཞས། སྨན་རྩིས། ཤིང་བརྐོས། ཚེམ་བཟོ། གློག་བརྙན་བཟོ་སྐྲུན་སོགས་ཀྱི་ཐད་ཉམས་མྱོང་བརྗེ་སྤེལ་གནང་ཡོད།
ཉིན་དང་པོར་བོད་རིགས་མཁས་པ་ལྔས་བོད་ཀྱི་རིག་གཞུང་དང་བོད་རིགས་ན་གཞོན་གྱི་འགན་ཁྲིའི་ཐོག་གསུང་བཤད་དང་ཚོགས་བཅར་བ་ལྷན་བགྲོ་གླེང་གནང་། དེ་རྗེས་ཉིན་གཉིས་ནང་ཚོགས་བཅར་བ་རྣམས་སྡེ་ཚན་གསུམ་དུ་ཆ་བགོས་ཀྱིས་ད་ལྟའི་བོད་ཀྱི་རིག་གཞུང་གི་གནས་བབ་དང་། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་གཞོན་སྐྱེས་ཚོས་འགན་ཁུར་ཕྱོགས་སྐོར་བགྲོ་གླེང་གནང་ཡོད་པ་དང་། གྲོས་དོན་ཇི་བྱུང་སྡེ་ཚན་སོ་སོའི་འགོ་ཁྲིད་ཚོས་མཇུག་སྡོམ་མཛད་སྒོའི་ཐོག་སྒྲོགས་སྦྱང་གནང་ཡོད་པ་བཅས།།