༄༅། །ཕྱི་ལོ་༢༠༢༢ ཟླ་ ༨ ཚེས་ ༣༡ ནས་ཕྱི་ཟླ་ ༩ ཚེས་ ༢ བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་ (Prague) ཏུ་ ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་ཚོགས་འདུ་ཐེངས་ ༢༦ ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་ ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་ཚོགས་འདུ་ཐེངས་ ༢༦ པའི་སྐབས་འཚོག་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དང་། འགྲོ་བ་མིའི་ཐོབ་ཐང་གི་ཐད་ལྟ་སྟངས་ཞེས་པའི་བརྗོད་གཞི་དང་འབྲེལ་ནས་ཆེད་དོན་མི་སྣའི་བགྲོ་གླེང་ཚོགས་འདུའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ཏུ་འགྱུར་བཞིན་པའི་སྐོར་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་གཅིག་སྡུད་བྱས་དང་བྱེད་བཞིན་པའི་སྐབས་མང་ཚོགས་ཀྱི་ངོས་ནས་མོས་མཐུན་མེད་པའི་བསམ་ཚུལ་བཤད་ས་མེད་པ། རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་དགོས་པ་དང་། རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་བར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་མི་དང་། ཡུ་གུར། ཧོང་ཀོང་བ། ལྷོ་སོག་པོ་རྣམས་ཕྱག་སྦྲེལ་ལྟ་བུར་བརྩི་དགོས་པ་བཅས་ཀྱི་སྐོར་གསུངས་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་བོད་དོན་གཙོ་བོར་གྱུར་བའི་རྒྱ་ནག་གི་སྐོར་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་སྟེ་བོད་མི་དང་། ཡུ་གུར། ཧོང་ཀོང་བ། ལྷོ་སོག་པོ། དེ་བཞིན་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་གཞན་བཅས་ལ་མཐུན་འགྱུར་རོགས་རམ་གནང་དགོས་པ་སོགས་ཀྱི་སྐོར་གསུངས་ཡོད། ཆེད་དོན་མི་སྣའི་བགྲོ་གླེང་ཐོག་ཡུ་གུར་ལས་འགུལ་ཚོགས་པའི་འགན་འཛིན་རུ་ཤན་ཨ་བྷ་སི་ (Rushan Abbas) ལགས་དང་། ཧོང་ཀོང་ལས་འགུལ་ཚོགས་པའི་འགན་འཛིན་སམ་མུལ་ཆུ་ (Samuel Chu) ལགས་ཕེབས་ཡོད་པ་དང་། གསར་འགོད་པ་ཀེ་ཊེ་རི་ན་ (Katerina Prochaykova) ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད།ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་ཚོགས་འདུ་ཐེངས་ ༢༦ པའི་སྐབས་ཟུར་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་པེ་ཊར་ཧྥི་འ་ལ་ (Petr Fiala) མཆོག་དང་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་ (Jan Lipavský) མཆོག ཡུ་རོབ་སྤྱི་མཐུན་ཚོགས་པའི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ཨེ་མོན་གྷིལ་མོར་ (Eamon Gilmore) ལགས། ཁེ་ན་ཌའི་གཞུང་ཚབ་ཆེན་མོ་ཨེ་ཡེ་ཤཱ་རེ་ཁེ་ (Ayesha P. Rekhi) ལགས། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཨེ་ཌི་ཊ་ཧར་ཌ་ (Edita Hrda) ལགས། སི་ལོ་ཝ་ཀི་ཡའི་ (Slovakian) སྲིད་བློན་ཟུར་པ་ཨེ་ཝེ་ཊ་རེ་ཌི་ཁོ་ཝ་(Iveta Radicova) མཆོག ཁི་རོ་ཊི་ཡའི་ (Croatia) ཕྱི་སྲིད་བློན་ཆེན་ཟུར་པ་ཝེ་སི་ན་པུ་སིག་ (Vesna Pusic) མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་མེ་ལོ་སི་ (Miloš Vystrčil) མཆོག་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་མཱར་ཀེ་ཊ་པེ་ཀ་རོ་ཝ་ ( Markéta Pekarová Adamová) མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་གཅིག དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་གཞུང་དང་གཞུང་ཁོངས་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་གཙོ་བོར་གྱུར་བའི་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གླེང་སློང་ཤུགས་ཆེ་གནང་ཡོད་པ་བཅས།།