༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་ཕྱོགས་སྐོར་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་གཞུང་ཁོངས་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་གནས་ལྟ་ཞིབ་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱི་སྐུ་ཚབ་དང་། སུད་སི་དང་། ཨིན་ཡུལ། བེལ་ཇི་ཡམ། ཕ་རཱན་སི། ནི་དར་ལེནྜ། ཇར་མ་ནཱི། ཡུ་རོབ་བཅས་སུ་ཡོད་པའི་དང་བླངས་བོད་དོན་ཞུ་གཏུག་ཚོགས་པའི་ཚོགས་མི། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ཚན་པའི་ལས་བྱེད་ཁག་གཅིག་བཅས་ཁྱོན་བསྡོམས་མི་གྲངས་ ༣༠ མཉམ་ཞུགས་གནང་ཡོད། ཟབ་སྦྱོང་དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་མཐུན་འགྱུར་འོག་ཚོགས་ཡོད།དེ་ཡང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཉམ་ཞུགས་པ་ཡོངས་ལ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་རྣམ་གཉིས་ཀྱིས་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་གལ་གནད་སྐོར་ངོ་སྤྲོད་གནང་ཡོད།དེ་རྗེས་ཆེད་དོན་མི་སྣའི་བགྲོ་གླེང་ཚོགས་འདུ་ཚོགས་པའི་སྐབས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་བསྟི་གནས་ཁང་ (International Service for Human Rights) གི་འགན་འཛིན་ས་རཱ་བྷི་རོག་སི་ (Sarah Brooks) ལགས་དང་། ཇར་མ་ནཱིར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀའི་མུ་ལར་ (Kai Muller) ལགས་དང་ཉམས་ཞིབ་པ་བསྟན་འཛིན་དཔལ་མོ་ལགས་བཅས་ནས་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་དང་འབྲེལ་བའི་གོ་སྐབས་དང་གདོང་ལེན་གནང་ཕྱོགས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པ་བཅས།།