༄༅། །འདི་གར་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༩ ཉིན་དྲུང་ལས་དབུ་རྒྱན་ལྷ་འཛོམས་ལགས་ཀྱིས་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་འགོ་འཛིན་གྱི་ལས་ཁུར་དབུ་འཛུགས་ཞུས་ཡོད་པ་དང་། རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་མཉམ་དྲུང་ཚེ་རིང་ཕུན་ཚོགས་ལགས་སྤྲོད་དཔང་གིས་འགན་འཁུར་བཞེས་ཐོག་ས་གནས་འགོ་འཛིན་ལས་ཚབ་སོ་ནམ་སློབ་སྟོན་པ་ཐུབ་བསྟན་ལགས་དང་ས་འགོ་ཚབ་གསར་དབུ་རྒྱན་ལྷ་འཛོམས་ལགས་རྣམ་གཉིས་དབར་ས་གནས་འགོ་འཛིན་གྱི་བདག་དབང་དུ་ཡོད་པའི་ཡིག་ཆ་དང་། ཡིག་ཕེལ། འཛིན་ཆས་སོགས་རྩིས་ལེན་རྩིས་སྤྲོད་གནང་རྗེས་ས་འཐུས་ཚོགས་གཙོ་དང་ས་གནས་རང་བདེན་ཚོགས་ཆུང་། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲྭའི་སློབ་སྤྱི། གཞིས་གྲོང་ཁག་གི་སྤྱི་མི་རྣམ་པ། ཡན་ལག་སྨན་རྩིས་ཁང་གི་སྐུ་ཚབ། ས་གནས་བུད་མེད་ཚོགས་གཙོ། གཞིས་མཉམ་གཉིས་ཀྱི་ལས་བྱེད་བཅས་ནས་འཚམས་འདྲི་དང་དགའ་བསུའི་མཇལ་དར་སོགས་ཕུལ་ཡོད།
དེ་རྗེས་ས་གནས་འགོ་འཛིན་གསར་རྙིང་དང་། ས་འཐུས་ཚོགས་གཙོ། སྤྲོད་དཔང་བཅས་ནས་གཏམ་བཤད་གནང་ཡོད་པ་བཅས། །