༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༩ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་དུ་ཁྲི་འདོན་ཞུས་པའི་ཨིན་ཡུལ་གྱི་རྒྱལ་པོ་ཅར་ལི་གསུམ་པ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཨིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་ཞིང་བཀུར་འོས་ཆོས་གྲོགས་ཤིག་ཡིན་པའི་ཆ་ནས་སྐུ་ཉིད་ལ་བོད་མི་རྣམས་ཀྱིས་དམིགས་བསལ་བརྩི་བཀུར་ཞུ་གི་ཡོད། དེས་ན་ང་ཚོས་སྐུ་ཉིད་ཨིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ།
སྐུ་ཉིད་ཀྱིས་རྒྱལ་ཡུམ་གྱི་མཛད་རྗེས་རྒྱུན་སྐྱོང་གནང་བའི་བརྒྱུད་རིམ་ནང་ཨིན་ཡུལ་མི་མང་གི་རེ་བ་དང་འདོད་དོན་སྒྲུབ་པར་བྱ་བ་ལམ་ལྷོངས་དང་། སྐུ་ཉིད་ཀྱིས་གཙོས་ཨིན་ཡུལ་མི་མང་ལ་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག་པ་བཅས།།