༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཟའ་འཁོར་གཅིག་རིང་གི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་ལེགས་པར་མཇུག་སྒྲིལ་ཡོད། གཟའ་འཁོར་གཅིག་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གྱིས་གཙོས་བློན་ཆེན་དང་། གྲོས་ཚོགས་འཐུས་མི། གནད་ཡོད་དཔོན་རིགས། བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་འཕྲད་ཀྱི་བོད་དོན་ཐད་བགྲོ་གླེང་གནང་ཡོད་པ་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝ་ཀེ་ལེབ་ཧ་ཝེལ་མཆོག་གི་དྲན་རྟེན་དཔེ་མཛོད་ཁང་དུ་ཕེབས་ཡོད།དེ་ཡང་དཔེ་མཛོད་ཁང་དུ་ཆེད་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དཔེ་མཛོད་འགན་འཛིན་མཧི་ཀལ་ཛན་ཀྲོབ་ཀི་ (Michal Zantovsky) ལགས་ཀྱིས་དཔེ་མཛོད་ཁང་གི་ལོ་རྒྱུས་དང་། དམིགས་ཡུལ་སོགས་ངོ་སྤྲོད་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་འཛིན་ཟུར་པ་ཝ་ཀེ་ལེབ་ཧ་ཝེལ་མཆོག་གི་མང་གཙོ་དང། རང་དབང་། རིག་གཞུང་ཐད་ཀྱི་དགོངས་བཞེད་ལ་གུས་བཀུར་ཞུས། དེ་བཞིན་སྤྱི་ཚོགས་ཀྱི་བསམ་ཚུལ་དང་གཞུང་གི་སྲིད་བྱུས་ལ་བསམ་མཛོད་བསྟི་གནས་ཁང་ཁག་གིས་ཤུགས་རྐྱེན་སྤྲོད་ཐུབ་པའི་དགེ་མཚན་ལ་གཞིགས་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་ལ་དམིགས་པའི་བསམ་མཛོད་བསྟི་གནས་ཁང་པི་ནོབ་སིས་ (Sinopsis) ཞེས་པའི་འགན་འཛིན་གྱིས་གཙོས་ཉམས་ཞིབ་པ་ལྷན་ཡུ་རོབ་དང་འཛམ་གླིང་རྒྱལ་ཁབ་གཞན་ཁག་ཏུ་རྒྱ་ནག་གི་ཤུགས་རྐྱེན་འཕེལ་བཞིན་པའི་སྐོར་བགྲོ་གླེང་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅར་ལིས་གཙུག་ལག་སློབ་གཉེར་ཁང་ (Charles University) གི་སྒྱུ་རྩལ་སྡེ་ཚན་གྱི་ཞལ་ངོ་ཨི་བ་ (Eva Leheckova) ལགས་དང་། ཞལ་ངོ་གཞོན་པ་ཊེ་ནིལ་ (Daniel Berounsky) ལགས་དང་མཇལ་མོལ་གནང་། གཙུག་ལག་སློབ་ཁང་དེའི་ནང་ཡོད་པའི་བོད་རིག་པའི་སྡེ་ཚན་ནི་སྙན་གྲགས་ཆེ་ཞིང་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ པའི་ནང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཚོགས་ཡོད། མཇལ་མོལ་སྐབས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙུག་ལག་བསླབ་གཞི་ནང་བོད་རིག་པའི་གལ་གནད་དང་། དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་བདག་གཅེས་བྱ་རྒྱུའི་གལ་གནད་སྐོར་གསུངས་ཡོད།ཕྱི་དྲོར་གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་རི་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བོད་མིའི་སྐུ་ཚབ་རྣམས་པ་རག་ (Prague) ཁུལ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཚིགས་ཁག་ཏུ་གཟིགས་སྐོར་ལ་འཁྲིད་རྗེས་སྒེར་གྱི་ངོས་ནས་དགོང་ཚིགས་འདེགས་འབུལ་ཞུས། ཚོགས་གཞོན་ཇི་རི་མཆོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཐོག་མར་མཇལ་འཕྲད་གནང་ཞིང་། དེ་རྗེས་དབུ་ཁྲིད་གཉིས་བར་འབྲེལ་འདྲིས་ཟབ་མོ་བྱུང་ཡོད།
ཉིན་རྗེས་མར་དཔལ་ལྡན་སྲིད་སྐྱོང་མཆོག་ཅེཀ་རྒྱལ་ཡོངས་དཔེ་མཛོད་ཁང་དུ་པོད་ ༢༢༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་ཡོད་པ་དང་། མཛད་སྒོའི་གཙོ་སྐྱོང་ཅེག་སྲིད་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་མར་ཊིན་བྷ་ས་ (Martin Baxa) ལགས་དང་། གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་རི་ལགས་ཀྱིས་གནང་ཡོད། མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་སྐོར་དང་། ཕྱི་ལོ་ ༡༩༥༠ ཙམ་ལ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་འཆར་གཞི་ལྡན་པའི་ཐོག་རྩ་གཏོར་གཏོང་རྩིས་བྱས་པའི་སྐོར་སོགས་ངོ་སྤྲོད་གནང་གྲུབ་རྗེས་རིག་གཞུང་བློན་ཆེན་མར་ཊིན་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ངོས་ནས་རྒྱབ་སྐྱོར་གནང་རྒྱུའི་ནན་བརྗོད་གནང་།གཞན་ཡང་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཅེཀ་གྲོས་ཚོགས་གོང་མའི་ནང་དུ་གཞུང་འབྲེལ་ཕེབས་བསུ་གོ་སྒྲིག་ཞུས་ཡོད་པ་མ་ཟད། སྐབས་དེར་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་། ཚོགས་གཞོན། གྲོས་ཚོགས་ཀྱིས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་དང་རྒྱ་ནག་གཞུང་གིས་འཛམ་གླིང་ཞི་བདེ་དང་བདེ་འཇགས་ལ་དོ་ཕོག་གཏོང་གི་ཡོད་སྐོར་བགྲོ་གླེང་གནང་། དེ་ནས་བོད་ཀྱི་སྐུ་ཚབ་རྣམས་ལ་གཞུང་འབྲེལ་གུང་ཚིགས་འདེེགས་འབུལ་ཞུས་རྗེས་ཅེཀ་གྲོས་ཚོགས་འོག་མའི་ཚོགས་གཙོ་མར་ཀི་ཊ་ (Marketa Pekarova Adamova) མཆོག་དང་། གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧ་ཡོ་ཝ་ཨོ་ཀ་མོ་ར་(Hayota Okamora) མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས། ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་བོད་མིའི་སྐུ་ཚབ་རྣམས་ནས་ཅེཀ་ཏུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན་གྲོས་བསྡུར་གནང་། གྲོས་བསྡུར་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ (Amnesty International- Czech Republic) ངེས་སྟོན་པ་དང་། ལས་འཆར་དང་ཞུ་གཏུག་འགན་འཛིན་ཀྱང་མཉམ་ཞུགས་གནང་ཡོད།ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༣༡ ནས་ཟླ་བ་ ༠༩ ཚེས་ ༠༢ བར་དཔལ་ལྡན་སྲིད་སྐྱོང་མཆོག་ ༢༠༠༠ ཞི་བདེའི་གླེང་སྟེགས་ནང་མཉམ་ཞུགས་ཀྱིས་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོག་ལ་ཉེ་བའི་རྒྱ་ནག་དང་། འགྲོ་བ་མིའི་ཐོབ་ཐང་ལ་ལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་ཡུ་གུར་ལས་འགུལ་ཚོགས་པའི་འགན་འཛིན་རུ་ཤན་ཨ་བ་ (Rushan Abbas) ལགས་དང་། ཧོང་ཀོང་ལས་འགུལ་ཚོགས་པ་དབུ་འཛུགས་གནང་མཁན་དང་ཚོགས་གཙོ་སེ་མུལ་ཅུ་ (Samuel Chu) ལགས་ལྷན་ཞུགས་གནང་ཞིང་། བགྲོ་གླེང་གི་གཙོ་སྐྱོང་གསར་འགོད་པ་ཀེ་ཀྲི་རི་ན་ (Katerina Prochaykova) ལགས་ཀྱིས་གནང་ཡོད། ཉིན་གསུམ་གྱི་ ༢༠༠༠ ཞི་བདེའི་གླེང་སྟེགས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་དང་། ཕྱི་སྲིད་བློན་ཆེན་གྱིས་གཙོས་གནད་ཡོད་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་ཐབས་བྱུས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་མཁས་པའི་དགོངས་ཚུལ་བསྡུ་ལེན་གྱིས་ཡུ་རོབ་མཐུན་ཚོགས་སུ་བོད་དོན་ཞུ་གཏུག་སྔར་ལྷག་གཏོང་ཐབས་ཐད་བགྲོ་གླེང་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་དེ་བཞིན་གྲུབ་འབྲས་ལྡན་པ་བྱུང་ཡོད་པ་མ་ཟད། མ་འོངས་འབྲེལ་ལམ་ཞུ་སྟངས་ཐད་ལའང་ལམ་ཁ་གསར་གཏོད་གནང་ཡོད་པ་རེད། །