༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། ཉི་ཧོང་གཞུང་གི་ལས་བྱེད་མི་སྣ་སོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་མི་སྡོད་ཁང་དང་ས་ཞིང་མེད་མཁན་རྣམས་ཀྱི་ཆེད་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་བཞིན་ཡོད་པའི་སྐོར་དང་། སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཀྱིས་མི་མང་གི་དགོས་མཁོ་དཔེར་ན་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཇི་ལྟར་གནང་ཕྱོགས་སྐོར་རྟོག་ཞིབ་གནང་བའི་སྐོར་གསུངས་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་དུ་གཏན་སྡོད་བྱེད་མཁན་བོད་མི་རྣམས་དང་། ལྷག་པར་ཉི་ཧོང་གི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་གནང་སྟེ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ལྷན་དུ་བོད་དོན་སླད་ཞབས་འདེགས་སྒྲུབ་དགོས་པའི་གལ་གནད་སྐོར་གསུངས་པ་མ་ཟད། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། གཞིས་བྱེས་བོད་མིའི་མངོན་འདོད་གཙོ་བོར་གཞིར་བཞག་ཐོག་ཕྱག་ལས་གནང་དང་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད། དྲི་བ་དྲིས་ལན་སྐབས་བོད་མི་ཞིག་གིས་ཉི་ཧོང་དུ་གཏན་སྡོད་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་གནང་དགོས་པའི་གལ་གནད་སྐོར་གསུང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེའི་ཐད་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ལྷན་གྲོས་བསྡུར་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཡིག་དགེ་རྒན་ཉི་ཧོང་དུ་གཏོང་ཐུབ་མིན་སྐོར་བསམ་བློ་གཏང་གི་ཡིན། ཞེས་གསུངས་ཡོད།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་ཧོང་གི་ས་ཡི་ཏ་མའི་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ས་ཡི་ཏ་མ་རྒྱལ་སྤྱིའི་སྨན་གྱི་གཙུག་ལག་སློབ་གཉེར་ཁང་ (Saitama Medical University International Medical Centre) དང་འབྲས་ནད་སྡེ་ཚན་ལ་འཚམས་གཟིགས་ཀྱིས་བོད་མི་སྨན་ཞབས་པ་ཚོས་ཉི་ཧོང་དུ་ཕྱག་ལས་དང་ཉི་ཧོང་གི་དགུང་ལོ་བགྲེས་སོང་རྣམས་ལ་ཞབས་འདེགས་བསྒྲུབ་གནང་ཐུབ་མིན་སྐོར་གསུངས་ཡོད། དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ས་ཡི་ཏ་མ་སྨན་གྱི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་བསྐྱངས་གནང་ཡོད།
དགོང་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕྱི་ལོ་ ༡༩༦༠ ནང་ཉི་ཧོང་དུ་འབྱོར་བའི་བོད་མི་ཁག་གཅིག་གིས་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་དང་། མོ་རོ་ཡཱ་མཱ་སྨན་ཁང་(Moroyama Hospital) གི་སྨན་པ་མཱ་རུ་ཀི་ (Maruki) ལགས་ཀྱིས་མགྲོན་འབོད་ལྟར་ཕྱི་ལོ་ ༡༩༦༥ ལོར་ཉི་ཧོང་དུ་བོད་མི་ལྔ་ཆེས་ཐོག་མ་འབྱོར་བའི་ཁོངས་ནས་སྨན་པ་ཚེ་དབང་གཡུ་རྒྱལ་ལགས་དང་སྨན་པ་རྟ་མགྲིན་འགྱུར་མེད་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༦༧ དང་ ༡༩༦༨ ལོར་ཉི་ཧོང་གི་ས་ཡི་ཏ་མའི་གྲོང་ཁྱེར་དུ་སྨན་ཞབས་པའི་སློབ་སྦྱོང་ཆེད་ཕེབས་པའི་སྨན་ཞབས་མ་ཁག་གཅིག་གིས་ཀྱང་མཇལ་འཕྲད་ཞུས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་རྣམས་ལ་དང་མཇལ་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ནས་འབྱུང་འགྱུར་བོད་མིའི་སྦྱིན་བདག་རྣམས་དང་ཚོགས་འདུ་ཚོགས་ཏེ་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན། བདེ་དོན་སོགས་ཀྱི་སྐོར་གྲོས་བསྡུར་གནང་འཆར་ཡོད་སྐོར་གསུངས་ཡོད།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༡༩༤༩ གོང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་སྐུ་ཞབས་མཱ་ཡི་ཀེལ་ཝན་ཝལ་ཊི་ (Michael Van Walt) ལགས་དང་རྒྱ་རིགས་མཁས་དབང་སྐུ་ཞབས་ལིག་ཧན་ཁྲིན་ (Hon-Shiang Lau) ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་ཞིབ་འཇུག་བྱས་ཏེ་དཔེ་དེབ་རེ་བརྩམས་ཡོད་པའི་ནང་ལོ་རྒྱུས་ཐོག་བོད་ནི་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད་པའི་དཔང་རྟགས་ཁུངས་སྐྱེལ་ར་སྤྲོད་གནང་ཡོད་པའི་སྐོར་གསུངས་ཡོད།
ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་བོད་རང་དབང་ཚོགས་པའི་ (Free Tibet Network) ཚོགས་གཙོ་སྐུ་ཞབས་མ་ཀི་ནོ་སི་ཤུ་ (Makino Seishu) ལགས་ཀྱིས་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་རྣམས་ཀྱིས་ཉི་ཧོང་གི་སྲིད་དོན་པ་དང་མི་མང་ལ་ཐུག་འཕྲད་ཞུས་ཏེ་བོད་དོན་སླད་སྔར་ལས་ལྷག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། ཚོགས་འདུ་ཁག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལྷན་བཅར་ཞུས་ཡོད།
ཉི་ཧོང་དུ་ཐེངས་དང་པོ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཉི་ཧོང་ནས་ལྡི་ལིར་ཕེབས་གནང་ཡོད་པ་བཅས།།