༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་སླད་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༩ ཉིན་བཞུགས་སྒར་དྷ་ས་ནས་གཞུང་འཁོར་ནང་ཕེབས་ཐོན་གྱིས་མ་ན་ལི་གཞུང་ལམ་བརྒྱུད་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༠ ཕྱི་དྲོ་ཆུ་ཚོད་ ༨ པའི་ཐོག་ལ་དྭགས་ས་གནས་སུ་ཕེབས་འབྱོར་མཚམས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ས་གནས་ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས།ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཚོུད་ ༡༠ པའི་ཐོག་མ་འོངས་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གསར་རྒྱག་ཞུ་ཆེད་དམིགས་སྒོའི་ས་ཆ་ཐོབ་ཐབས་དང་འབྲེལ་བའི་ལ་དྭགས་ས་གནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་དྲུང་ཆེ་ལྷན་ཚོགས་འདུ་ཞིག་མཉམ་འབྲེལ་ལས་ཁུངས་ཀྱི་ཚོགས་ཁང་ནང་བསྐོངས་ཚོགས་ཞུས་པར་ཚོགས་འདུའི་ནང་བཀའ་བསྡུར་ཞིབ་ལྷུག་གནང་རྗེས་ཉིན་རྒྱབ་བསོད་ནམས་གླིང་གཞིས་ཆགས་ཀྱི་ལས་ཁུངས་ཁག་ལ་འཚམས་གཟིགས་སུ་ཕེབས།ཕྱི་ཚེས་ ༢༢ ཉིན་ཕོ་བྲང་དགེ་འཕེལ་གླིང་དང་། བསོད་ནམས་གླིང་གཞིས་ཆགས་ཀྱི་དགོན་སྡེ་ཁག་གསུམ་ལ་གནས་མཇལ། དེ་བཞིན་༸སྐྱབས་རྗེ་ཁྲིག་སེ་མཁན་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་རྗེས་ཁྲིག་སེ་དགོན་བཅས་ལ་གནས་མཇལ་དུ་བཅར་ཡོད། ཕྱི་ཚེས་ ༢༣ སྔ་དྲོ་ཚོུད་ ༡༠ པའི་ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་ལྷན་བཞུགས་མོལ་ཚོགས་འདུ་བསྐྱངས་ཡོད་པ་དང་སྐབས་དེར་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་ནས་བཞུགས་མོལ་ཚོགས་འདུའི་ངོ་སྤྲོད་གཏམ་བཤད་གནང་གྲུབ་མཚམས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་དང་འཕེལ་རིམ། ངོ་བོ་དང་འགན་དབང་། གྲུབ་ཆ། ཁྲིམས་ཞིབ་ཁང་འོག་མ་ཇི་ཡོད་དང་དེ་དག་གི་ལས་འགན། ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག །ཁྲིམས་ཞིབ་ཁང་གི་འཛིན་སྐྱོང་། བྱེད་སྒོའི་རྩ་འཛིན་བཅས་ཀྱི་ཐོག་ངོ་སྤྲོང་གསུང་བཤད་གནང་རྗེས་དོགས་དྲིས་ཕེབས་པ་ལ་ལན་འདེབས་གསལ་བཤད་འཐུས་ཚང་གནང་ཡོད། ཕྱི་ཚེས་ ༢༦ ཉིན་དྷ་ས་ས་གནས་སུ་ཕེབས་འབྱོར་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།