༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༡ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཟུར་པ་དབང་ཕྱུག་ཚེ་རིང་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་འབྱོར་བར་དཔལ་ལྡན་བཀའ་ཤག་ནས་ཐུགས་ཕམ་དང་འབྲེལ་དམ་པ་ཁོང་གི་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར་དེ་རིང་སྟེ་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༢ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གི་ལས་བྱེད་ཡོངས་ཚང་འཛོམས་ཐོག་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། གོང་དུ་བཀའ་དྲུང་ཆུ་སྐྱ་སྦྲ་གཉི
སྐབས་རེར་ང་ཚོ་འཆི་རྒྱུ་བརྗེད་ནས་ཕྱག་ལས་གནང་ཕྱོགས་དང་བསམ་བློ་འཁྱེར་སྟངས་སོགས་གང་ཅིའི་ཐད་ནས་ཏག་ཏག་མ་བསྡད་པ་ལྟ་བུ་ཆགས་ཡོང་གི་ཡོད། སོ་སོའི་མི་ཚེ་འདི་དོན་དང་ལྡན་པ་ཞིག་བྱེད་པ་ཡིན་ན། འཛམ་གླིང་འདི་ནས་ཕྱིན་པའི་སྐབས་སུའང་བློ་ཕམ་མི་དགོས་པ་ཞིག་ཧ་ཅང་གནད་འགག་ཆེན་པོ་ཆགས་ཀྱི་འདུག་སྙམ་པ་དྲན་གྱི་འདུག དེ་རིང་འདིར་འཛོམས་ནས་ཚང་མས་སྨོན་ལམ་བཏོན་གནང་བ་རེད། ཚེ་འདས་དབང་ཕྱུག་ཚེ་རིང་ལགས་ཀྱི་ནང་མི་རྣམས་ལའང་སྡུག་བསྔལ་འདི་གདོང་ལེན་གནང་ཐུབ་པའི་སྨོན་ལམ་སྐྱོན་རོགས་ཞུ་རྒྱུ་ཡིན། དེ་བཞིན་དེང་སྐབས་བོད་ནང་གི་གཞིས་བཞུགས་སྤུན་ཟླ་རྣམས་ནད་ཡམས་ཀྱི་རྐྱེན་པས་དཀའ་སྡུག་ཚད་མེད་མྱོང་བཞིན་སྐབས་འདིར་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་རྣམས་ཀྱིས་འགན་ཇི་ལྟར་འཁྱེར་དགོས་པ་དང་། བསམ་བློ་ག་འདྲ་གཏོང་དགོས་ཀྱི་འདུག་དེ་དག་དགོངས་པ་བཞེས་དགོས་རྒྱུ་གནད་འགག་ཆགས་འདུག གཞིས་བཞུགས་བོད་མི་རྣམས་དཀའ་སྡུག་ལས་མྱུར་དུ་ཐར་པའི་སྨོན་འདུན་ཞུ་རོགས། ཞེས་གསུང་བཤད་གནང་རྗེས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༤ ནས་མྱ་ངན་གུས་བཏུད་མཚོན་བྱེད་དབུས་ཀྱི་ལས་ཁུངས་ཁག་ལས་སེང་བཞག་ཡོད།
དམ་པ་ཁོང་ནི། གངས་ལྗོངས་ལྷ་ས་འཇམ་དབྱངས་དཀྱིལ་གཟིམས་ཤག་ཏུ་ཕྱི་ལོ་ ༡༩༣༩ ལོར་འཁྲུངས། རང་ལོ་ ༨ ནས་ ༡༧ བར་ལྷ་ས་དང་། གཞིས་རྩེར་བོད་ཡིག་རིག་གནས་སྦྱངས། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་ཕྱི་ལོ་ ༡༩༥༨ བར་ཀ་རྡོར་ཁུལ་དུ་ཨིན་ཡིག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༢ ནས་ ༡༩༦༣ བར་བོད་མི་ན་གཞོན་ཁག་གཅིག་ལ་ཛ་དྲག་དམིགས་བསལ་སྦྱོང་བརྡར་གནང་ཁོངས་དང་བླངས་མཉམ་ཞུགས་གནང་། ཕྱི་ལོ་ ༡༩༦༥ ནས་ ༡༩༦༦ བར་རང་གཞུང་ནས་ཨ་རིའི་ཁོ་མེལ་གཙུག་ལག་སློབ་གཉེར་ཁང་ (Comell university) ཞེས་པར་གཏོང་གནང་ལྟར། ཆབ་སྲིད་དང་འབྲེལ་བའི་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༥༩ ནས་ ༡༩༦༡ བར་རྡོར་གླིང་རང་དབང་གསར་ཁང་ནང་ཞབས་ཞུ་ཞུས། ཕྱི་ལོ་ ༡༩༦༢ ནས་ ༡༩༧༠ བར་གོང་གསལ་སློབ་སྦྱོང་བྱ་ཡུན་ཕུད་རང་གཞུང་བདེ་སྲུང་ཁོངས་ཞབས་ཞུ་དང་། ཕྱི་ལོ་ ༡༩༧༠ ནས་ ༡༩༨༢ བར་བལ་ཡུལ་ནང་གློ་སྒྲིག་གིས་གཙོས་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་འཚོ་གནས་ཆེད་རུམ་གདན་བཟོ་ཚོང་གསར་འཛུགས་བྱེད་པར་བཏང་གནང་བ་ལྟར་ཞབས་ཞུས་ཀྱིས་གྲུབ་འབྲས་གཟེངས་ཐོན་བྱུང་ཡོད།
ཕྱི་ལོ་ ༢༠༠༡ བར་རང་འཚོར་གནས་སྐབས་བལ་ཡུལ་གདན་ཚོང་བཟོ་ཁག་སྤྱིའི་ཚོགས་པ་ (Central Carpet Industries Association,CCIA) ཞེས་པ་གསར་བཙུགས་བྱུང་བའི་ཚོགས་གཙོ་ལོ་དགུ་བསྟུད་མར་ཞུས་སྐབས་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་སྒྲིག་གཞི་དགོས་གལ་ལྟར་སྤྱི་ཁྱབ་པའི་ལམ་ལུགས་གཏན་འབེབས་ཀྱིས་གདན་ཚོང་ཡར་རྒྱས་སྨན་པའི་ཞབས་འདེགས་ཞུས། ཕྱི་ལོ་ ༡༩༧༢ ནས་ ༡༩༩༦ བར་ས་གནས་གཞོན་ནུ་དང་། རང་བདེན་ཚོགས་ཆུང་གསར་འཛུགས་སྐབས་ཀྱི་ཚོགས་གཙོ། ལོ་མང་རིང་དབུས་གཙང་ཆོལ་ཁའི་ས་རྒྱུན་ཚོགས་གཙོ། དེ་བཞིན་ཕྱི་ལོ་ ༡༩༩༦ ནས་ ༡༩༩༩ བར་དབུས་རྒྱུན་ཚོགས་གཞོན་བཅས་ཀྱི་ལས་འཁུར་གང་ནུས་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༨ ནས་ ༢༠༠༥ ཟླ་ ༩ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ལྡན་བཀའ་ཤག་གི་བཀའ་འབྲེལ་བཞིན་བལ་ཡུལ་སྐུ་ཚབ་དོན་གཅོད་ལ་བསྐོ་གཞག་གནང་དོན་ལྟར་ལོ་བཞིའི་རིང་འགན་འཁུར་ཞུས། དེ་རྗེས་ཁེ་ན་ཌར་གཞིས་སྤོས་གནང་སྟེ་བཞུགས། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༡ ཞོགས་པ་ཆུ་ཚོད་ ༡༠།༤༥ ཐོག་ཁེ་ན་ཌ་ས་གནས་སུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་བཅས། །