༄༅། །བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༢༧ ཉིན་བོད་དར་རྩེ་མདོ་བརྒྱད་ཟུར་རྫོང་ནས་ཡིན་པའི་བོད་མི་གཞོན་སྐྱེས་མིང་ལ་དངོས་གྲུབ་ཚེ་རིང་ཟེར་བ་ཞིག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གཅར་རྡུང་ཚབས་ཆེན་བཏང་བའི་རྐྱེན་གྱིས་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཉེན་རྟོག་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་ཀྱང་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་མེད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ས་གནས་ཀྱི་རྒན་གསོ་ཁང་དུ་ཟ་འབྲུ་སོགས་བསྐྱལ་ནས་ཕྱིར་ཁྱིམ་དུ་ལོག་ཡོང་སྐབས། གློ་བུར་དུ་ཉེན་རྟོག་པ་ཁག་གཅིག་ཡོང་ནས་ཁོང་ས་གནས་ཀྱི་ཉེན་རྟོག་ཁང་དུ་བཙན་ཁྲིད་བྱས་ཏེ་རྒན་གསོ་ཁང་ལ་ང་ཚོས་རྒྱུན་དུ་ཟ་འབྲུ་སོགས་མཁོ་སྤྲོད་བྱེད་ཀྱི་ཡོད་སྟབས། ཕྱི་མི་གཞན་ཞིག་གིས་ཟ་འབྲུ་བསྐྱལ་དགོས་དོན་གང་ཡང་ཡོད་པ་མ་རེད། ཅེས་དང་།
ང་ཚོར་མིང་ཆད་བཟོ་ཡི་འདུག ཁྱེད་རང་རྒན་གསོ་ཁང་དུ་ག་རེ་བྱེད་དུ་ཕྱིན་པ་ཡིན་ནམ་ཞེས་འདྲི་རྩད་སྣ་ཚོགས་བྱས་ཡོད་པ་མ་ཟད། རྣམ་འགྱུར་ལེགས་པོ་མི་འདུག་ཅེས་བཤད་ནས་གཅར་རྡུང་ཚད་ལས་བརྒལ་བ་བཏང་བར་བརྟེན། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཉེན་རྟོག་ཁང་ནས་འདས་གྲོངས་སུ་གྱུར་ཡོད་པ་རེད། དངོས་གྲུབ་ཚེ་རིང་ལགས་ནི། ས་གནས་ཀྱི་གླ་འཁོར་གཏོང་མཁན་ཞིག་ཡིན་ཞིང་། ཁྱིམ་དུ་ལོ་ན་ ༧༨ ལ་སོན་པའི་ཨ་མ་ལྷ་སྐྱིད་ལགས་དང་བཟའ་ཟླ་གཡུ་མཚོ་ལགས། བུ་ཕྲུག་གཉིས་བཅས་ཡོད་འདུག
གཞན་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༢༤ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་ཚོས་བསང་གསོལ་དང་ལབ་རྩེ་བསྟད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་བའི་ཉེས་མིང་འོག་བོད་ཀྱི་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་ཕྱུག་དར་ལགས་དང་། དགེ་ལོ་ལགས། ཚེ་རྡོ་ལགས། འབའ་མོ་ལགས། ཀོ་རིས་ལགས་བཅས་འཛིན་བཟུང་བཙན་ཁྲིད་ཀྱིས་གསེར་རྟ་རྫོང་གི་བཙོན་ཁང་དུ་ཁྲིད་རྗེས་བོད་མི་ཕྱུག་དར་ལགས་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་ཚད་ལས་བརྒལ་བ་བཏང་སྟེ་དམར་གསོད་བཏང་ཡོད་པ་མ་ཟད། བོད་མི་གཞན་བཞི་པོ་ད་ལྟ་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཅུག་ཡོད་པ་རེད།
འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་ནང་མི་ཚོ་ཕྱི་ཟླ་ ༠༨ ཚེས་ ༢༥ ཉིན་བཙོན་ཁང་དུ་བསྐྱོད་ནས་ཁ་ཟས་སྤྲོད་ཐབས་བྱས་ཡོད་ཀྱང་ཉེན་རྟོག་པས་ཁ་ཟས་གཏན་ནས་སྤྲོད་བཅུག་མེད་པ་རེད།
ཕྱི་ཟླ་ ༠༨ ཚེས་ ༢༦ ཉིན་ཉེན་རྟོག་པས་ཕྱུག་དར་གྱི་ནང་མིར་ཁོང་བཙོན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པས་ཕུང་པོར་བདག་པོ་རྒྱག་པར་ཤོག་ཅེས་སྐད་བཏང་སྟབས། ལོ་ ༧༡ ལ་སོན་པའི་བོད་མི་ཕྱུག་དར་གྱི་ཕ་ཐུབ་འོད་ལགས་ཀྱིས་གཙོས་ཉེ་འབྲེལ་ཁ་ཤས་གསེར་རྟ་རྫོང་གི་ཉེན་རྟོག་ཁང་དུ་བསྐྱོད་སྐབས་ཉེན་རྟོག་པས་བོད་མི་ཕྱུག་དར་བཙོན་ཁང་ནང་གློ་བུར་དུ་འདས་གྲོངས་སུ་གྱུར་སོང་། ང་ཚོས་ཉེས་རྡུང་བཏང་ནས་བསད་པ་མིན། དེར་བརྟེན་བོད་མི་ཕྱུག་དར་གྱི་ནང་མིས་ཕྱུག་དར་ཉེན་རྟོག་པས་དམར་གསོད་བཏང་བ་མིན་པའི་ས་ཡིག་བརྒྱབ་ན་མ་གཏོགས། ཁོང་གི་ཕུང་པོ་སྤྲོད་རྒྱུ་མིན་ལུགས་བཤད་ནས་འཇིགས་སྐུལ་བྱས་ཤིང་། ཕྱུག་དར་གྱི་ཉེ་འབྲེལ་ཚོས་ཁོང་ནམ་རྒྱུན་ནས་ན་ཚ་ཅི་ཡང་མེད། ད་ཐེངས་ཁྱོད་ཚོས་ཁོང་བསད་པ་རེད་ཅེས་བརྗོད་ཡོད་ནའང་རྒྱ་གཞུང་གི་ཉེན་རྟོག་པས་ཁས་ལེན་གཏན་ནས་བྱས་མེད་པ་རེད།
གསེར་རྟ་རྫོང་གི་ཉེན་རྟོག་པས། ཕྱུག་དར་བསད་མེད་ཅེས་བརྗོད་པ་དང་། ཕྱུག་དར་གྱི་ཤུལ་ལུས་ནང་མི་རྣམས་ལ་རྒྱ་སྒོར་འབུམ་གཅིག་དང་། ནང་མི་རེ་རེར་ལོ་ལྟར་སྒོར་ཁྲི་གཅིག་རེ་སྤྲད་རྒྱུ་བྱས་ཡོད་པ་ནི་ཕྱུག་དར་གྱི་ནང་མི་དང་ཉེ་འབྲེལ་ཚོས་ཕྱུག་དར་གྱི་ཕུང་པོ་གང་མགྱོགས་ཁྱིམ་དུ་འཁྱེར་དུ་འཇུག་རྒྱུའི་ཆེད་ཡིན་པ་ལས། ད་བར་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་སྒོར་མོ་གཅིག་ཀྱང་སྤྲད་མེད་པ་རེད། ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༢༤ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་དགེ་ལོ་ལགས་དང་། ཚེ་རྡོ་ལགས། འབའ་མོ་ལགས། ཀོ་རིས་ལགས་བདུན་ཕྲག་གཅིག་རིང་གསེར་རྟ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་རྗེས་ཕྱི་ཟླ་ ༠༨ ཚེས་ ༣༡ ཉིན་བོད་མི་བཞི་པོ་དེ་དག་བཙན་ཁྲིད་ཀྱིས་ད་ལྟ་དཀར་མཛེས་ཀྱི་བཙོན་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པ་མ་ཟད། ཁོ་ཚོར་ཁྲིམས་ཐག་གཅད་རྒྱུའི་ཉེན་ཁ་ཡོད་སྐོར་བཤད་ཡོད་པ་རེད། དེ་སྔོན་རྒྱ་གཞུང་གིས་བོད་མི་ཚོ་བཙོན་འཇུག་བྱས་རྗེས་ཁྲིམས་ཐག་མ་བཅད་བར་དུ་བཙོན་པ་ཕལ་ཆེ་བ་ས་གནས་རྫོང་གི་བཙོན་ཁང་ནང་བཀག་ཉར་བྱེད་སྲོལ་ཡོད་ཀྱང་། དེང་སྐབས་སྔོན་དང་མི་འདྲ་བར་ས་གནས་སོ་སོའི་རྫོང་གི་བཙོན་ཁང་དུ་བདུན་ཕྲག་རེ་ཙམ་ལས་མི་འཇོག་པར་རྫོང་ཁག་གཞན་གྱི་བཙོན་ཁང་དུ་བཙན་ཁྲིད་བྱེད་བཞིན་ཡོད་པ་རེད།
འཛིན་བཟུང་བྱས་པའི་བོད་མི་དེ་དག་གྲོང་སྡེའི་མང་ཚོགས་ནས་ཆེད་དུ་བསྐོ་བཞག་བྱས་པ་ལྟར། ཁོང་ཚོས་རྒྱུན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གོ་སྒྲིག་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་དེ་དག་ནི་ཀུན་སྤྱོད་དང་། སྤྱི་སེམས། ལྷག་བསམ་ལྡན་པའི་མི་སྣ་ཤ་སྟག་ཡིན་སྟབས། གྲོང་པའི་མང་ཚོགས་ནས་ཁོང་ཚོར་ལྔ་བཟང་ ( མི་བཟང་པོ་ལྔ། ) ཞེས་འབོད་སྲོལ་ཡོད། རྒྱ་ནག་གཞུང་གིས་གཅར་རྡུང་ཚད་ལས་བརྒལ་བ་བྱས་ནས་བསད་པའི་བོད་མི་ཕྱུག་དར་ལགས་ནི། རང་ལོ་ ༥༢ ཡིན་ཞིང་། ཁོང་ལ་ལོ ༧༡ སོན་པའི་ཕ་ཐུབ་འོད་ལགས་དང་རང་ལོ་ ༧༥ ལ་སོན་པའི་ཨ་མ་ལགས། བཟའ་ཟླ་དང་བུ་ཕྲུག་སོགས་ཡོད་འདུག་པ་བཅས།།