༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ ཉིན་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཐའེ་ཝན་ཞོན་ཙང་གཙུག་ལག་སློབ་གཉེར་ཁང་གི་ཆོས་དང་རིག་གཞུང་སྡེ་ཚན་བར་འབྱུང་འགྱུར་སློབ་གྲྭ་དེར་བོད་རིག་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་སློབ་མ་བསྡུ་བསྐོང་གིས་སློབ་ཚན་འཁྲིད་ཐབས་མོས་མཐུན་བྱུང་བ་ལྟར། འདས་པའི་ལོ་ཕྱེད་ཙམ་རིང་ཞིབ་འཛུག་སློབ་མ་བསྡུ་ཕྱོགས་དང་སློབ་ཚན་འཆར་འགོད། དགེ་རྒན་འདེམས་སྒྲུག་སོགས་སྐོར་གོ་བསྡུར་རིམ་པ་བྱས་ཏེ། མཐར་སློབ་ཚན་དང་པོ་དེ་བཞིན་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་ས་ཁམས་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས། ད་ལྟའི་ཆབ་སྲིད་གནས་བབ་ཅེས་པའི་སློབ་ཚན་སྐོར་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་རྒྱབ་ཚོགས་ཐུན་དང་པོ་ནས་ལྔ་པའི་བར་ཆུ་ཚོད་བཞི་རིང་སློབ་ཁྲིད་འགོ་བཙུགས་གནང་ཡོད་པ་དང་། སློབ་ཚན་དེར་ཞིབ་འཇུག་སློབ་མ་ ༡༧ དང་ཟུར་ཉན་པ་གཅིག་བཅས་ཁྱོན་མི་གྲངས་ ༡༨ བྱུང་བ། སྔོན་མ་སློབ་མ་ ༥ དང་ ༧ བར་བསྡུ་རྒྱུའི་འཆར་གཞི་ལས་ལྡབ་མང་པོ་མང་བ་བྱུང་ཡོད་པ་རེད། འཛིན་གྲྭ་ཐོག་མ་ཚོགས་སྐབས་སློབ་གྲྭའི་སློབ་དཔོན་ཆེན་མོ་ཆོས་དཔོན་ཀྲའོ་ཧེ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ངོ་སྤྲོད་དང་འབྲེལ་ཁོང་གིས་རྩོམ་གནང་པའི་ཕྱག་དེབ་གཉིས་དང་། སློབ་ཁྲིད་ལག་འཁྱེར་ཕྱག་རྟགས་སུ་ཕུལ་རྗེས། སྐུ་ཚབ་དོན་གཅོད་ཀྱིས་ས་བཅད་དང་པོ་སྐུ་སྒེར་གྱི་ལོ་རྒྱུས་སྙིང་བསྡུས་ནས་བོད་ཕྱི་ནང་གི་གནས་ཚུལ་ཆ་ཚང་ངོ་སྤྲོད་རྒྱུས་ལོན་བྱ་ཐབས་དང་། ས་བཅས་གཉིས་པ་བོད་ཅེས་པའི་ཐ་སྙད་ཀྱི་གོ་དོན། ས་བཅད་གསུམ་པ་བོད་ཀྱི་ས་ཁོངས་ཁྱབ་ཚད་ཆོལ་ཁ་གསུམ། ས་བཅད་བཞི་པ་བོད་ཁམས་ཕྱིའི་སྣོད་བཅུད་ཁོངས་རི་བོ་དང་གཙང་པོ། ས་བཅད་ལྔ་པ་བོད་ཁམས་ཕྱིའི་སྣོད་བཅུད་ཁོངས་རྩ་ཐང་མཚེའུ་དང་ཤིང་ནགས། ས་བཅད་དྲུག་པ་བོད་ཀྱི་འགྲོ་བ་མི་བྱུང་ཚུལ་དང་དེའི་གདུང་རྒྱུད། ས་བཅད་བདུན་པ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ས་བཅད་བརྒྱད་པ་བོད་ཀྱི་ཆོས་ལུགས་དད་པ། ས་བཅད་དགུ་པ་པ་བོད་ཀྱི་སྤྱི་ཚོགས་ལམ་ལུགས། ས་བཅད་བཅུ་པ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ས་བཅད་ཁག་བཅུ་ཙམ་དབྱེ་སྟེ་སློབ་ཁྲིད་གནང་པར་སློབ་མ་ཚོས་དོགས་འདྲི་མང་པོ་ཕེབས་པ་དང་། ལན་འདེབས་ཞུས་པ་ལའང་དགའ་མོས་ཆེན་པོ་ཐོབ་ཡོད།འཆར་གཞི་གཞིར་བཟུང་། སློབ་དུས་དང་པོའི་སློབ་ཚན་གཟའ་འཁོར་བརྒྱད་ནང་འཁྲིད་ཚར་དགོས་ཅིང་། སྐུ་ཚབ་དོན་གཅོད་ཀྱིས་གཟའ་འཁོར་དང་པོའི་སློབ་ཚན་འཁྲིད་ཚར་རྗེས། ཕྱི་ཟླ་ ༩ ཚེས་ ༢༥ ཉིན་དང་། ཕྱི་ཟླ་ ༡༠ ཚེས་ ༩ ཉིན་གཟའ་འཁོར་གསུམ་པ་དང་ལྔ་པ། དེ་བཞིན་ལྷ་རམས་དགེ་བཤེས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐྱེ་འཆི་རིག་པ་ལས། བྱ་གཏོར་དང་། དགེ་འདུན་པའི་སྡེ། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་འབྱུང་ཚུལ། བཙན་བྱོལ་དུ་ནང་ཆོས་སློབ་ཁྲིད་བྱེད་སྟངས་སྐོར་ཆུ་ཚོད་བརྒྱད་རིང་སློབ་ཁྲིད་བྱ་རྒྱུ་དང་།ཕྱི་ཟླ་ ༡༠ ཚེས་ ༢༣ དང་། ཕྱི་ཟླ་ ༡༡ ཚེས་ ༦ གཟའ་འཁོར་བདུན་པ་དང་དགུ་པ་སོ་སོར་དོན་ཁང་གི་ལྟ་གྲུབ་སློབ་དཔོན་ཟུར་པ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་བོད་བརྒྱུད་ནང་བསྟན་དང་དེའི་ཤུགས་རྐྱེན་ཞེས་པའི་སློབ་ཚན་ནང་། རྒྱ་ནག་གི་རུབ་ཇཱ་རིག་གཞུང་དང་བོད་ཀྱི་རིག་གཞུང་གཉིས་ནང་ཆོས་སུ་མངོན་པའི་ཁྱད་པར། གཞུང་ཆེན་བཀའ་པོད་ལྔ་ངོ་སྤྲོད་དང་སློབ་སྦྱོང་བྱ་ཚུལ། ནང་ཆོས་ལ་སློབ་སྦྱོང་བྱས་པ་དེས་མི་ཚེར་ཤུགས་རྐྱེན་ཇི་ཐེབས་བཅས་སྐོར་ཆུ་ཚོད་བརྒྱད་རིང་སློབ་ཁྲིད།
ཕྱི་ཟླ་ ༡༡ ཚེས་ ༢༠ དང་། ཕྱི་ཟླ་ ༡༢ ཚེས་ ༤ གཟའ་འཁོར་བཅུ་གཅིག་དང་བཅུ་གསུམ་སོ་སོར་ལྷ་རམས་དགེ་བཤེས་ཧྭ་ཤིང་རིན་པོ་ཆེ་ངག་དབང་དངོས་གྲུབ་ལགས་ཀྱིས་བོད་ཀྱི་ཤེས་ཡོན་སློབ་གསོ་དང་སྤྲུལ་སྐུ་ཡང་སྲིད་ཀྱི་ལམ་ལུགས་ཞེས་པའི་སློབ་ཚན་ནང་། བོད་ཀྱི་དགོན་པའི་ཤེས་ཡོན་སློབ་གསོ། དགེ་བཤེས་བཞག་པར་ཆ་རྐྱེན་གང་དང་གང་ཚང་དགོས་པ། བོད་ཀྱི་སྤྱིར་བཏང་ཤེས་ཡོན་སློབ་གསོའི་ལམ་ལུགས། བཙན་བྱོལ་ནང་གི་ཤེས་ཡོན་སྲིད་བྱུས། བླ་མ་དང་རིན་པོ་ཆེ་ཞེས་པའི་གོ་དོན། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ཡང་སྲིད་བྱུང་ཚུལ་དང་མ་འོངས་ཇི་ཆགས། ཐའེ་ཝན་ཁྲོམ་གཞུང་ཁག་ཏུ་མཐོང་རྒྱུ་ཡོད་པའི་ཧྥ་ཝན་ཞེས་ཆོས་ཀྱི་རྒྱལ་པོའི་གོ་དོན་དངོས་དང་བདེན་རྫུན་འབྱེད་སྟངས་སྐོར་ཆུ་ཚོད་བརྒྱད་རིང་གི་སློབ་ཁྲིད།
ཕྱི་ཟླ་ ༡༢ ཚེས་ ༡༨ གཟའ་འཁོར་བཅོ་ལྔའི་སྐབས་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལྟ་གྲུབ་སློབ་དཔོན་ལྷ་རམས་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སློབ་ཚན་འཁྲིད་གནང་རྗེས། སློབ་དུས་དེའི་བརྒྱ་ཆ་སྤྲོད་སྟངས་དང་། ཡིག་ཚད་སོགས་ཚར་རྗེས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡ ཉིན་གུང་སེང་གཞག་རྒྱུ་དང་། སློབ་དུས་གཉིས་པའི་སློབ་ཚན་བསྐྱར་དུ་སྒྲིག་རྒྱུ་ཡིན་འདུག་པ་བཅས། །