༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༡༣ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་གཙོ་བོར་གྱུར་པའི་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་བཀའ་དྲིན་སྩལ་སོང་།
དེ་ཡང་མགོན་པོ་གང་ཉིད་མཆོག་གསུང་
དུས་ཚོད་འགྲོ་བཞིན་ཡོད་པས་མ་འོངས་པ་ནི་ཧ་ཅང་གལ་ཆེན་པོ་རེད། འདས་པ་དྲན་པའི་ཡུལ་ཙམ་དང་ལོ་རྒྱུས་བླང་རྒྱུ་ཙམ་ལས་བཟོ་བཅོས་བརྒྱག་རྒྱུ་གང་ཡང་མེད། མ་འོངས་པ་ནི་ཡོང་རྒྱུ་ཡིན་པས་ཅི་འདྲ་ཞིག་ཡོང་དང་མི་ཡོང་ང་ཚོའི་ལག་པར་ཡོད། འཛམ་གླིང་གི་མ་འོངས་པ་ཅི་འདྲ་ཞིག་ཡོང་དང་མི་ཡོང་འཛམ་གླིང་མི་མང་སྤྱི་དང་། ལྷག་པར་གཞོན་ནུ་ཚོ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མི་ལ་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ་གཏོང་བའི་ནུས་པ་ཡོད་པ་ལ་སློབ་གསོ་སྤྲད་ནས་ལྷན་སྐྱེས་ཀྱི་ཡོན་ཏན་ཡོད་པའི་ཐོག་ལ་ཕྱི་ནང་གི་དངོས་ཡོད་གནས་ཚུལ་ལ་སློབ་སྦྱོང་བྱས་ཏེ་གོ་རྟོགས་ཡག་པོ་བྱུང་བ་ཡིན་ན་མ་འོངས་པའི་འཛམ་གླིང་མིའི་བྱེད་སྤྱོད་ཐོག་ནས་འགྱུར་བ་འགྲོ་བ་ཞིག་རེད།
འཛམ་གླིང་མི་ཚང་མ་ཆོས་པ་བྱེད་དགོས་པ་རེད་ཅེས་ནམ་ཡང་བརྗོད་ཐུབ་ཀྱི་མ་རེད། ཆོས་ཁས་ལེན་མིན་དང་ཁས་བླངས་ཚེ་གང་ལེན་མིན་ནི་སོ་སོ་སྒེར་གྱི་རང་དབང་རེད། ང་ཚོའི་འཛམ་གླིང་འདིར་ཁོར་ཡུག་བཟང་པོ་ཡོང་ཐུབ་པ་ཞིག་དང་། འཛམ་གླིང་འདིར་མིས་བཟོས་པའི་དམག་འཁྲུག་མེད་པར་ཞི་བདེའི་བསྟི་གནས་ཤིག་ཡོང་ཐུབ་མིན་ང་ཚོའི་ལག་པར་ཡོད། ང་ཚོའི་དུས་རབས་འདིའི་མགོ་སྟོད་ནས་དམག་འཁྲུག་ཧ་ཅང་མང་པོ་བརྒྱབ་པ་རེད། འཛམ་གླིང་འདིར་དམག་འཁྲུག་མང་པོ་བརྒྱབ་པ་དེར་མི་ཚང་མ་ཡིད་ཐང་ཆད་ཡོད། ངོས་ཀྱི་མི་ཚེ་འདིར་དམག་ཆེན་དང་པོ་དང་གཉིས་པ་ནི་ཡིད་ཐང་ཆད་རྒྱུ་རང་ཆགས་ཡོད། འབྱུང་འགྱུར་ནི་དངོས་གནས་དམག་འཁྲུག་མེད་པར་ཞི་བདེའི་འཛམ་གླིང་ཞིག་ཡོང་ཐུབ་རྒྱུ་ནི་ང་ཚོའི་ལས་འགན་རེད།
མི་སྐྱེས་པའི་ཉིན་མོ་ནས་བཟུང་བྱམས་བརྩེས་འཚོ་བཞིན་པ་ཞིག་རེད། དུད་འགྲོ་ལ་མཚོན་ནའང་མངལ་སྐྱེས་དང་སྒོང་སྐྱེས་ནི་བརྩེ་བ་ལ་བརྟེན་ནས་འཚོ་བ་ཞིག་རེད། དེར་བརྟེན་མིའི་ལྷན་སྐྱེས་ནི་གཅིག་གིས་གཅིག་ལ་བརྩེ་བ་དང་། མས་བུ་ལ་བརྩེ་བ་ནི་རང་བཞིན་ལྷན་སྐྱེས་ཀྱིས་ཡོད་པ་ཞིག་རེད། ང་ཚོ་ལ་གང་གལ་ཆེན་པོ་རེད་ཅེ་ན། རང་བཞིན་ལྷན་སྐྱེས་ཀྱི་བརྩེ་བ་ཞིག་ཡོད་ཀྱང་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་སྐབས་སུ་བརྩེ་བའི་སྐོར་གང་ཡང་བཤད་ཀྱི་མེད། གང་ལྟར་ང་ཚོའི་སློབ་སྦྱོང་གི་འགྲོ་སྟངས་དེ་འཛིན་གྲྭ་བཞི་པ་ལྔ་པ་ཡར་སླེབས་ཡོང་དུས་རྒྱལ་ཁབ་ཕན་ཚུན་དང་ཆོས་ལུགས་ཕན་ཚུན། མི་རིགས་ཕན་ཚུན་སེམས་ལ་ཤུགས་ཆེན་པོ་སླེབས། དེ་ནས་ང་དང་ཁྱོད་ཅེས་པ་ཤུགས་ཆེ་རུ་ཕྱིན་ནས་ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཤུགས་ཆུང་དུ་འགྲོ་བཞིན་པ་ཞིག་འདུག དངོས་གནས་བསམ་བློ་བཏང་ན་གྲི་དང་མེ་མདའ་འཁྱེར་ནས་གསོད་རེས་བྱེད་པ་ཟེར་བ་ནི་བློ་ཡུལ་དུ་མ་ཤོངས་པ་ཞིག་རེད། ང་ཚོ་སྐྱེས་པའི་སྐབས་སུ་ཨ་མས་གསོ་སྐྱོང་གནང་བ་ཚང་མ་གཅིག་མཚུངས་རེད། འདོད་ན་མ་འདོད་ན་འཛམ་གླིང་འདིར་ང་ཚོ་ཚང་མ་མཉམ་དུ་སྡོད་དགོས་པ་རེད། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་དང་མི་རིགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་བྱས་ན་དེ་ག་འདྲ་ཞིག་རེད། བསམ་བློ་ཧ་ཅང་མིག་རྒྱང་ཐུང་ཐུང་རེད། བསམ་བློ་གུ་དོག་པོ་རེད། མགོ་ཁྲིད་མཁན་ཚོས་ཀྱང་བློ་ཆུང་གིས་བསམ་བློ་བཏང་ནས་ང་ཚོ་དང་ཁྱོད་ཚོ་ཞེས་མང་པོ་བརྗོད་པའི་དུས་ཚོད་ད་ལྟ་ཡོལ་བ་རེད།
འཛམ་གླིང་འདིའི་སྟེང་གི་མི་ཚང་མ་གཅིག་མཚུངས་རེད། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ང་ཚོ་ཚང་མས་འཛམ་གླིང་འདིར་ཞི་བདེ་མཉམ་གནས་ཡོང་ཐུབ་པ་ཞིག་རེད། དེང་སང་འཛམ་གླིང་འདིར་ཞི་བདེ་དོན་གཉེར་བྱེད་མཁན་ཧ་ཅང་མང་དུ་འགྲོ་བཞིན་འདུག དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ཁྱོད་ཚོ་གཞོན་སྐྱེས་མི་རབས་རྗེས་མ་ཆགས་ཡོད། ཁྱོད་ཚོས་སེམས་ལ་དམ་བཅའ་གཙོ་བོ་ནི་མི་ཚེ་འདིར་ཞི་བདེའི་རང་བཞིན་ཞིག་དང་། ཆོས་ལུགས་དབྱེ་བ་མེད་པར་ཆོས་ལུགས་སྒེར་གྱི་དོན་དག་དང་། མི་ཡིན་པའི་ཆ་ནས་ང་ཚོ་མཉམ་དུ་སྡོད་དགོས་ཀྱི་ཡོད། དེར་བརྟེན་ང་ཚོ་ཚང་མ་འཆམ་མཐུན་ཡ་རབས་ཀྱི་ཐོག་ནས་ལུང་པ་འདི་ཡར་རྒྱས་ཡག་པོ་ཞིག་གཏོང་བ་དང་། དངོས་པོ་ཡར་རྒྱས་ཡོང་བ་དེ་འཁྲུག་པ་ཡོང་བའི་རྒྱུ་རྐྱེན་དུ་མི་འགྲོ་བར་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ལས་འགན་རེད། ལྷག་པར་གཞོན་སྐྱེས་སློབ་ཕྲུག་ཕོ་མོ་ཚོ་ཧ་ཅང་གལ་ཆེན་པོ་རེད།
ཆོས་ནི་སྒེར་གྱི་གནས་ཚུལ་དང་སྤྱི་ཚོགས་བཟང་པོ་ཞིག་དང་འཁྲུག་པ་མེད་པ་ཞིག་ལ་བསམ་བློ་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་ཏེ་ཟངས་དཀར་ཁུལ་གྱི་སློབ་ཕྲུག་ལ་བཀའ་སློབ་ཀྱི་མཛད་རིམ་ལེགས་པར་གྲུབ་རྗེས་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱི་ཆེད་དུ་བཅོམ་ལྡན་འདས་ཀྱི་མཚན་སྔགས་དང་འཇམ་པའི་དབྱངས་ཀྱི་མཚན་སྔགས། མི་བརྗེད་པའི་གཟུངས། སྒྲོལ་མའི་གཟུངས་སྔགས། རྣམ་འཛོམས་མའི་གཟུངས་སྔགས་བཅས་ཀྱི་བཟླས་ལུང་སྩལ། །