༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༡༣ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེནནྱེ་ (Chennai) ནང་རྟེན་གཞི་བྱས་པའི་ཨ་རིའི་ཚོང་འབྲེལ་དོན་གཅོད་ལས་ཁུངས་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ཇུ་ཌི་ཐི་རཱ་ཝིན་ (Judith Ravin) ལགས་དང་ཕྱག་རོགས་ལྕམ་སྐུ་བྷི་རིན་ངྷ་ཇཱ་ཡཱ་ཀནྟ་ (Brindha Jayakanth) ལགས་རྣམ་གཉིས་སྦེལ་ཀོབ་ཏུ་ཡོད་པའི་སྔ་འགྱུར་རྙིང་མའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་འཚམས་གཟིགས་སུ་ཕེབས་འབྱོར་སྐབས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག། སློབ་དཔོན་འགྱུར་མེད་ལགས་དང་སློབ་དཔོན་བསྟན་འཛིན་ཡེ་ཤེས་ལགས་ཀྱི་དྲུང་ཡིག སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་འགོ་འཛིན་བློ་བཟང་ཡེ་ཤེས་ལགས། བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས། མདྲཱས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་རཱ་མུ་མ་ནི་ཝན་ནན་ (Ramu Manivannan) ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།དེ་ཡང་ལྕམ་སྐུ་ཇུ་ཌི་ཐི་རཱ་ཝིན་ལགས་ཀྱིས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རྒྱུས་སྤྱིའི་སྐོར་དང་། ས་གནས་ཡུལ་མིའི་འབྲེལ་བ། ཨ་རིའི་རོགས་ཚོགས་ (USAID) དང་(PRM) ཞེས་པའི་ལས་གཞི་ཡིས་ས་གནས་བོད་མི་རྣམས་ལ་ཕན་ཐོགས་ག་ཚོད་འབྱུང་གི་ཡོད་མེད། དེ་བཞིན་འབྱུང་འགྱུར་གྱི་ལས་གཞི་སོགས་ཀྱི་སྐོར་བཀའ་འདྲི་གནང་ཡོད།
ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ལྕམ་སྐུ་བྷི་རིན་ངྷ་ཇ་ཡ་ཀན་ཐི་ལགས་ལ་ཨ་རིའི་གཞུང་མིང་གཉིས་ནས་བོད་མིའི་བདེན་པའི་འཐབ་རྩོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།