༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༣༡ རེས་གཟའ་ལྷག་པ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཐོག་མགོན་པོ་གང་ཉིད་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འཁོར་བརྒྱུད་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་མང་ཚོགས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་དྲི་བཟང་བདུག་སྤོས་སོགས་ཐོགས་ནས་ཕེབས་བསུ་གཟབ་རྒྱས་དང་ཞལ་མཇལ་ཞུས་ཡོད།
བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དབུས་འོས་བསྡུ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་ཨརྱ་པདྨ་དགྲ་འདུལ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས། །