༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོ
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
དེ་ཡང་། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན།། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ།། གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི།། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ།། ཞེས་གསུངས་པ་ལྟར་སྣང་བ་ལྟར་གྲུབ་ན་དོན་སྟེང་ནས་གྲུབ་དགོས། རང་ངོས་ནས་གྲུབ་དགོས། དེ་བཏགས་དོན་བཙལ་ན་རྙེད་རྒྱུ་ཁྱོན་ནས་མེད། བཏགས་དོན་བཙལ་ནས་རྙེད་རྒྱུ་མེད་དུས་ཐ་སྙད་དབང་གི་ཡོད་པ་ཞིག་མ་གཏོགས་འགྲོ་ས་མེད། ང་ཚོར་ཐ་སྙད་དབང་གིས་ཡོད་པ་ཞིག་མ་ཡིན་པར་དོན་སྟེང་ནས་ཚུགས་ཐུབ་པ་ཞིག་བློ་ལ་འཆར་གྱི་ཡོད། དེ་ཡོད་པ་ཡིན་ན་རྣམ་བདུན་གྱི་རིགས་པ་དང་རྣམ་ལྔའི་རིགས་པ་སོགས་ཀྱིས་དཔྱད་དུས་གསལ་དུ་འགྲོ་དགོས་ཀྱང་དེ་ལྟར་ཡོང་གི་མེད། དེར་བརྟེན་དོན་དམ་བྱང་ཆུབ་ཀྱི་སེམས་འདི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཞིག་ལ་བསམ་བློ་བཏང་དགོས།
སང་གནངས་ངོས་ཀྱིས་བཀའ་ཆོས་གཙོ་བོ་དེ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་རྒྱུ་དེ་འགྲེལ་བཤད་ཅིག་བརྒྱབ། ང་ཚོ་ཚང་མས་མཉམ་དུ་སྒོམ་དགོས་བསམ་བྱུང་། བྱུང་ན་གཡས་གཡོན་གྱི་དགོན་ཁག་ཚོར་མཆོད་མཇལ་ཞུ་དགོས་ཡོད་ཀྱང་། གང་ལྟར་ཆོས་དཀོན་མཆོག་ངོ་མ་དེ་སེམས་ནང་ཡོད། ངོས་ལ་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་གང་ལ་གང་འཚམ་གྱི་ཉམས་མྱོང་ཡོད། ཆོས་དཀོན་མཆོག་ངོ་མ་དེ་རེད། དགོན་པ་ཁག་མཇལ་ཐུབ་ན་ཡག་པོ་རེད། འོན་ཀྱང་གཅིག་ནས་དུས་ཚོད་མེད་ལ་གཉིས་ནས་རྡོ་བཀྱག་འཛེག་རྒྱུར་པུས་མོར་དཀའ་ངལ་ཕྲན་བུ་འདུག དེར་བརྟེན་དགོན་ཁག་ཏུ་མཆོད་མཇལ་གནས་སྐོར་འགྲོ་རྒྱུ་ཕལ་ཆེར་ཁག་པོ་རེད། ངོས་རང་འདི་གར་བསྡད་ནས་རྒྱ་ཆེ་མི་མང་ལ་ཉིན་གསུམ་རིང་བཀའ་ཆོས་བྱས་ནས་ལྷོད་ལྷོད་སྡོད་ཀྱི་ཡིན།
རྒྱ་ཐང་དང་རྡ་རམ་ས་ལར་ཆར་ཞོད་ཆེ་བས་ངོས་རང་ཟངས་དཀར་ཐེ་བའི་ལ་དྭགས་ས་ཁུལ་ལ་ས་སྐམ་པོ་དང་ཉི་མ་བསྟན་ཡོད་སྟབས་བདུན་ཕྲག་ཁ་ཤས་སྡོད་རྩིས་བྱས་ཏེ་ཡོང་བ་རེད། གལ་ཆེ་ཤོས་ཤིག་ནི་ལ་དྭགས་མི་མང་རྣམས་ཀྱིས་བོད་ཀྱི་རིག་གཞུང་གཙོ་བོ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་པའི་ཆོས་བོད་དུ་ཐུན་མོང་མ་ཡིན་པར་བྱས་ནས་ལོ་ངོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པ་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་ཉར་ཚགས་བྱེད་ཀྱི་ཡོད། ཧི་མ་ལ་ཡ་རི་རྒྱུད་ན་ཡོད་པའི་ལ་དྭགས་མི་མང་རྣམས་ཆོས་ལ་དད་པ་ཧ་ཅང་ཆེན་པོ་རེད། ཆོས་ལ་དད་པ་ཡོད་པ་དེས་དད་པ་བྱེད་སའི་ཆོས་ལ་སློབ་སྦྱོང་བྱས་ནས་ཕྲན་བུ་ཞིབ་ཚགས་པོ་ཤེས་རྒྱུ་བྱུང་ན་ང་ཚོས་དད་པ་བྱ་ཡུལ་སངས་རྒྱས་པའི་ཆོས་དང་། ལྷག་པར་ནཱ་ལེནྡྲ་ནས་བརྒྱུད་པ་དེ་དངོས་གནས་དྲང་གནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་རིགས་པའི་ལམ་ནས་དཔྱད་པ་བྱེད་རྒྱུ་ཧ་ཅང་ཡག་པོ་རེད། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་རིགས་ལ་ཆབ་སྲིད་ཀྱི་ཐོག་ནས་རང་དབང་ཡོད། རྒྱ་གར་ལ་ཆ་མཚོན་ན་མང་གཙོ་དང་ཆོས་དད་རང་མོས་ཡོད་པས་ཁྱེད་རང་ཚོར་མང་གཙོ་དང་རང་དབང་ལྡན་པ། རང་གི་ཕ་མེས་ནས་བརྒྱུད་པའི་ཆོས་འགལ་རྐྱེན་གང་ཡང་མེད་པའི་ཐོག་བདག་པོ་བརྒྱག་རྒྱུ་དེ་ཧ་ཅང་ཡག་པོ་འདུག དེ་ཡང་། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།། ཅེས་ཐུགས་སྨོན་གནང་བ་ལྟར་ཧི་མ་ལ་ཡ་རི་རྒྱུད་ལ་གནས་པའི་མི་རིགས་དེ་དག་གིས་བོད་གངས་ཅན་ལྗོངས་ནས་ཚུར་དར་བའི་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་རྒྱ་ཙམ་ཡོད་པ་དེས་སངས་རྒྱས་པའི་ཆོས་ངོ་མ་བཤད་ཀྱི་ཡོད། དེ་དག་ལ་ང་ཚོས་སློབ་སྦྱོང་བྱོས། སྔོན་ལ་ཡང་ཡང་ཐོས། ཐོས་པའི་དོན་ལ་ཡང་ཡང་བསམ། ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་བསྒོམས་ནས་ལག་ལེན་དགལ་རྒྱུའི་རྟོག་པ་མངོན་དུ་གྱུར་ཐུབ་པ་དགོས།
དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་སེམས་བསྐྱེད་པ་དྲུག་པའི་གཞུག་དེར། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།།རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།། མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།། བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། ཞེས་གསུངས་པ་ལྟར། སློབ་གཉེར་བ་ཚོའི་དམིགས་ཡུལ་འདི་རེད།་སྔོན་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཐོས་བསམ་གྱིས་སྒྲོ་འདོགས་བཅད། དེ་ནས་དཔྱད་འཇོག་ཟུང་སྦྲེལ་གྱི་ཐོག་ནས་ཉམས་མྱོང་རྩལ་དུ་བཏོན། དེ་རྨང་གཞི་ལ་བཞག་ནས། དེའི་སྒང་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་དེ་དག་སྣོན་རྒྱུ་བྱུང་ན་ཕུན་སུམ་ཚོགས་པ་ཡིན། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་གནས་དེ་དག་གང་ཡང་མ་ཤེས་པར་སྔགས་ཀྱི་ཆོ་ག་བཏོན་པ་ཙམ་གྱིས་མཚན་ཉིད་ཚང་བ་ཡོང་རྒྱུ་ཁག་པོ་རེད། དེར་བརྟེན་ཆོས་གྲོགས་ཚོས་དཔེ་ཆ་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།ངོས་ཀྱིས་དེ་སྔ་ནས་དཔེ་ཆ་ལྟ་དགོས་རེད་ཅེས་འབོད་སྐུལ་བྱེད་བཞིན་ཡོད། ངོས་ཀྱིས་འབོད་སྐུལ་བྱས་པ་ནང་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཁག་དང་། མི་མང་གིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་རྒྱུ་དང་། སློབ་གྲྭ་ཁག་ཏུ་འགོ་སྟོད་ང་ཚོས་ཆོས་དགེ་ཞེས་མིང་བཏགས་པ་རེད། ངོས་ཀྱིས་མིང་དེ་འགྲིག་གི་མི་འདུག ལྟ་གྲུབ་དགེ་རྒན་ཞེས་མིང་བཏགས་དགོས་འདུག་ཅེས་བརྗོད་པ་ཡིན། ཆོས་དགེ་ཞེས་སྐྱབས་འགྲོ་སེམས་བསྐྱེད་ཕྲན་བུ་བསླབས་ཏེ་འགྲིག་པ་བྱས་ན་འདང་གི་མི་འདུག ལྟ་གྲུབ་དགེ་རྒན་ཞེས་ལྟ་གྲུབ་སྐོར་འགྲེལ་བཤག་རྒྱག་ཐུབ་མཁན་ཞིག་བྱུང་ན། སྔོན་ལ་ཕྱི་ནང་གི་ཁྱད་པར། ནང་པ་ནང་ཚགས་ཀྱི་གྲུབ་མཐའ་གོང་འོག་གི་ཁྱད་པར་དེ་དག་འགྲེལ་བཤད་ཡག་པོ་བརྒྱབ་ནས་སློབ་ཕྲུག་ཚོའི་སེམས་ལ་བོད་དུ་ཡོད་པའི་སངས་རྒྱས་པའི་ཆོས་འདི་ལྟ་བའི་སྐོར་ནས་བཤད་པ་ཡིན་ན་དབུ་མ་ཐལ་འགྱུར་བ། མདོ་སྡེ་པ་དང་བྱེ་བྲག་སྨྲ་བ། སེམས་ཙམ་པ་དེ་ཚོའི་གྲས་ལ་ང་ཚོས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དམིགས་ས་གཙོ་བོ་ནི། ཐལ་འགྱུར་བའི་ལུགས་གཙོ་བོ་བྱེད་ཀྱི་ཡོད་པ་རེད།
སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །དེ་སྲས་ཐུ་བོ་རིག་པའི་ཁུ་བྱུག་ཆེ། །རྒྱལ་སྲས་རིག་པའི་ཁྱུ་བྱུག་གཉིས་པའི་ཞབས། །རིགས་པའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། ཞེས་གསུངས་པ་ནང་ལྟར་ཟླ་བ་གྲགས་པ་ནས་མར་ཡོད་པ་དེ་ཀླུ་སྒྲུབ་ཀྱི་དགོངས་པ་དཔྱིས་ཕྱིན་པ་གཏན་ལ་ཕབ་འདུག ཧ་ཅང་རྩ་ཆེན་པོ་རེད་འདུག ཟླ་བ་གྲགས་པ་ཧ་ཅང་ཁ་རི་ཁ་ཐུག་ཡོད་པ་རེད།དབུ་མ་འཇུག་པའི་ནང་། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་གསུངས་པ་དེས་རང་འགྲེལ་གྱི་འགྲེལ་བའི་ནང་སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་། ཆོས་གྲགས་སོགས་ཀྱིས་མིང་རྐྱང་བཏགས་ཡོད་ཙམ་གྱི་དེ་ཁོ་ན་ཉིད་ཐུག་ལ་མ་ཆུད་པར་སྤངས་སམ་ཞེ་ན་དེ་སྐད་དུ་སྨྲའོ་ཞེས་ཧ་ཅང་གྱོང་པོ་འདུག དངོས་འབྲེལ་བསྲེགས་བཅད་བརྡར་གསུམ་བྱས་ནས་རྒྱུ་མཚན་ལྡན་པ་དེ་ངོས་ལེན་བྱས། གཞན་ང་ཚོའི་བླ་མས་གསུང་རྒྱུན་རེད་ཟེར་བ་ལྟ་བུའི་སྐད་ཆ་ཙམ་མིན་པར་རིགས་པས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག
བོད་ལ་ཆ་བཞག་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཧ་ཅང་སྤུས་དག་པོ་འཛིན་སྐྱོང་བྱེད་བཞིན་ཡོད། བར་སྐབས་ཆབ་སྲིད་ཀྱི་གནས་ཚུལ་ཐོག་ནས་རྒྱ་ནག་གུང་ཁྲན་ཏང་གིས་དམ་བསྒྲགས་ཆེན་པོ་བྱས་ཡོད། འོན་ཀྱང་བོད་རྒྱ་ཆེ་མི་མང་གིས་ཆོས་དད་དང་སྙིང་སྟོབས་འགྱུར་བ་མེད་པར་གནས་ཡོད། དེང་སང་རྒྱ་ནག་ནང་ལའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་གི་ཡོད་ཚོད་འདུག བོད་གངས་ཅན་ལྗོངས་ཀྱི་གངས་ཅན་པ་དེ་དག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་བརྟན་པོ་བཟུང་སྟེ་རྩ་བ་བརྟན་པོ་བྱས་ནས་གནས་ཡོད། གང་ལྟར་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་དཀའ་ངལ་མང་པོ་འཕྲད་དུས་ཁྱེད་རང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ལ་གནས་པའི་མི་རིགས་ཀྱིས་བོད་ལ་དཀའ་ངལ་དེ་ལྟར་འཕྲད་དུས་སེམས་ཤུགས་སྐྱེས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཁྱེད་ཚོའི་ལས་འགན་རེད། ཤེས་སོང་ངམ།
ཧི་མ་ལ་ཡ་རི་རྒྱུད་ཀྱི་ཤེས་ཡོན་དེ་དང་པོ་བོད་ནས་ཚུར་དར་བ་རེད། བར་སྐབས་བོད་ལ་དཀའ་ངལ་འཕྲད་དུས་ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་མ་འོངས་པར་བོད་ཙམ་མིན་པར་རྒྱ་རིགས་ལའང་ཚན་རིག་དང་མཐུན་པའི་ལྟ་གྲུབ་ཟབ་མོ་ཡོད་པའི་ནང་ཆོས་སླར་གསོ་བྱ་རྒྱུའི་ཐད་དམིགས་བསལ་གྱི་ལས་འགན་ཡོད། ཚང་མས་ཧུར་ཐག་བྱོས་ཨང་།
སྤྱིར་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་ནི། སེམས་པ་བཟང་པོ་བྱེད་དགོས་པ་དང་། མི་ལ་གནོད་པ་བྱེད་རྒྱུ་མེད་པ། མི་ལ་ཕན་བཏགས་དགོས། ཞེས་ཆོས་ལུགས་ཚང་མས་བཤད་ཀྱི་འདུག དེང་སྐབས་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པ་སྨྲ་བ་དེ་དག་གིས་ནང་ཆོས་ཀྱི་སེམས་ཁམས་རིག་པར་དོ་སྣང་དམིགས་བསལ་བྱེད་ཀྱི་འདུག བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་འདི་འཛམ་གླིང་ནང་དར་ཁྱབ་འགྲོ་བཞིན་ཡོད་པ་མ་ཟད། མུ་མཐུད་མི་མང་པོ་ཞིག་གི་སེམས་ལ་ཞི་བདེ་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཡོང་བ་ཞིག་འདུག སང་གནངས་ཐུག་ཆོག་གི་རེད། ཅེས་བཀའ་སློབ་སྩལ།།