༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༠༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་སྐུ་ཞབས་ཇག་ཌིབ་དྷན་ཁར་ (Shri Jagdeep Dhankhar) མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་སྩལ་བའི་ནང་འཁོད་དོན། རྒྱ་གར་གྱི་ངོས་ནས་ལོ་མང་རིང་ཕྱོགས་མང་པོའི་ཐོག་ཡར་རྒྱས་བཏང་གནང་ཡོད་པ་མ་ཟད། ལྷག་པར་ཚན་རིག་འཕྲུལ་ལས་ཐོག་ཡར་རྒྱས་བཏང་གནང་ཡོད། མི་ཚེ་ཕལ་ཆེ་བ་འདིར་རྒྱ་གར་ནང་བསྡད་ཡོད་པའི་ཆ་ནས། ངོས་ཀྱིས་རང་ཉིད་རྒྱ་གར་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་ཤུགས་ཆེ་བྱེད་ཀྱི་ཡོད། རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ འཁོར་བའི་དུས་ཆེན་ཉིན་མོར་སྐུ་ཉིད་ཀྱིས་གལ་འགངས་ཆེ་བའི་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་གོ་བབ་བཞེས་གནང་གི་ཡོད་པ་ནི་རྟེན་འབྲེལ་བཟང་པོ་རེད།
རྒྱ་གར་ནི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་འབྱུང་གནས་ལྟ་བུ་ཡིན་ཞིང་། འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་བསླབ་བྱ་དེ་དག་གིས་འགྲོ་བ་མིའི་རིགས་འཕེལ་རྒྱས་སུ་འགྲོ་བར་རམ་འདེགས་བྱེད་ཐུབ། རྒྱ་གར་གྱི་མེས་པོ་དམ་པ་གཱན་དྷི་ (Mahatma Gandhi) མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་གནང་ཡོད་ལ། ཨ་རིའི་སྤྱི་འབངས་ཐོབ་ཐང་རྩོད་ལེན་པ་དང་དབུ་ཁྲིད་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་ (Dr Martin Luther King) མཆོག་དང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་ (Nelson Mandela) མཆོག་གིས་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་བརྒྱུད་ཡུན་རིང་ལྷགས་པའི་སྤྱི་ཚོགས་ཀྱི་དཀའ་ངལ་དང་མི་འདྲ་བའི་ཆ་རྣམས་སེལ་ཐུབ་ཡོད།
དེ་བཞིན་ངོས་ནས་ཀྱང་བློས་བཏང་གིས་གོ་སྐབས་ནམ་བྱུང་ལ་འཚེ་མེད་ཞི་བའི་ལྟ་གྲུབ་གཅེས་ནོར་འདི་དང་བྱམས་བརྩེའི་ནུས་སྟོབས་ཀྱི་གལ་གནད་སྐོར་རྒྱ་གར་གྱི་མཆེད་གྲོགས་ཕོ་མོ་རྣམས་དང་འཛམ་གླིང་ཡོངས་ལ་གོ་རྟོགས་ཆེན་པོ་སྤེལ་གྱི་ཡོད། ངོས་ཀྱིས་སྤོབས་པ་ཆེན་པོའི་སྒོ་ནས་གནའ་བོའི་རྒྱ་གར་ནི། སེམས་དང་སེམས་བྱུང་། བློ་སྦྱོང་གི་ཐབས་ལམ་དཔེར་ན་སྒོམ་དང་ཡོ་གའི་ཤེས་བྱའི་འབྱུང་ཁུངས་ལྟ་བུ་ཡིན་ཞེས་རྗོད་ཐུབ་ཀྱི་ཡོད་ལ། དེ་དག་གིས་ད་ལྟ་དང་མ་འོངས་པའི་འགྲོ་བ་མི་ཡོངས་ལ་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་ཀྱི་ཡོད། ངོས་ཀྱིས་ཆོས་ལུགས་ལ་མ་བརྟེན་པ་དང་ཤེས་ཡོན་གྱི་སྡེ་ཚན་རང་གི་ཐོག་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་དེང་དུས་ཤེས་ཡོན་གྱི་ལམ་ལུགས་གཉིས་ཟུང་འབྲེལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རྩི་ཡི་ཡོད།
རྒྱ་གར་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་བཟོ་ཐུབ་པའི་ཐུན་མོང་མིན་པའི་ཁྱད་ཆོས་ཚང་ཡོད། ངོས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཁག་གཅིག་གི་ནང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཀྱི་ལས་གཞི་འགོ་བཙུགས་ཡོད་པ་ཤེས་རྟོགས་བྱུང་། ངོས་ཀྱིས་རིམ་པས་དེ་དག་རྒྱ་གར་ཡོངས་ལ་དར་ཐུབ་པའི་རེ་བ་ཆེན་པོ་རྒྱག་གི་ཡོད།
དེ་རིང་ཁ་སང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སྔར་ལས་ལྷག་རྒྱ་གར་གྱིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་སླད་འགོ་ཁྲིད་དེ་ཞབས་འདེགས་བསྒྲུབ་ཐུབ་པ་ཤེས་ཀྱི་ཡོད། སྐུ་ཉིད་ཀྱིས་ལོ་མང་རིང་མང་ཚོགས་ལ་ཞབས་འདེགས་བསྒྲུབས་པའི་ཉམས་མྱོང་ལ་བརྟེན་ནས་རྒྱ་གར་རྒྱལ་ཁབ་ཆེན་པོ་དང་། དེའི་མི་མང་ལ་གཡུར་དུ་ཟ་བའི་ཞབས་འདེགས་བསྒྲུབ་ཐུབ་པའི་ངོས་ལ་གདེང་ཚོད་ཡོད། ཅེས་འཁོད་ཡོད།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཛད་ཡོད་པ་བཅས།།