༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༥ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སུད་སིའི་གཞུང་གི་གཞིས་སྦོ་ལས་ཁུངས་ཀྱི་དྲུང་ཆེ་ལྕམ་སྐུ་ཁི་རི་སི་ཊིན་ཞི་ར་ནར་བྷུར་ཇེ་ནར་ (Christine Schraner Burgener) ལགས་དང་མཇལ་འཕྲད་ཞུས་ཡོད་པ་དང་། འཕྲིན་ལས་ཆོས་སྐྱིད་ལགས་དང་ལྷན་དོན་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་བྷུ་ཆི་ལ་ (Thomas Büchli) ལགས་ལྷན་བཅར་ཞུས་ཡོད།
དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ལྕམ་སྐུ་ཁི་རི་སི་ཊིན་ཞི་ར་ནར་བྷུར་ཇེ་ནར་ལགས་དང་ལྷན་དུ་མི་སྒེར་སོ་སོ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་སྐོར་དུས་ཡུན་ཆུ་ཚོད་གཅིག་རིང་གྲོས་བསྡུར་ཞུས་གནང་ཡོད། ལྕམ་སྐུ་ཁི་རི་སི་ཊིན་ཞི་ར་ནར་བྷུར་ཇེ་ནར་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཕྱག་ལས་གནང་བའི་འདས་པའི་ཉམས་མྱོང་དང་། ལྷག་པར་དེ་སྔ་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་འདས་པོ་དམ་པ་དེ་ཉིད་གློད་བཀྲོལ་ཡོང་ཐབས་སུ་ཕྱག་ལས་གནང་བའི་ཉམས་མྱོང་སྐོར་གསུངས་པ་མ་ཟད། སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་སྐོར་གསུངས་ཡོད།
འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ལྕམ་སྐུ་ཁི་རི་སི་ཊིན་ཞི་ར་ནར་བྷུར་ཇེ་ནར་ལགས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱིའི་སྐོར་དང་། ལྷག་པར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འགྲེལ་བརྗོད་ཞུས་པ་མ་ཟད། རྒྱ་ནག་གཞུང་གིས་རང་གི་རྒྱལ་མཚམས་ལས་བརྒལ་ཏེ་སུད་སི་ལྟ་བུ་མཚོན་པའི་མང་གཙོའི་རྒྱལ་ཁབ་ཁག་གི་ནང་དུའང་གནོན་ཤུགས་སྤྲོད་བཞིན་པའི་སྐོར་དང་། སུད་སིར་གནས་སྡོད་བོད་མི་ཁག་གཅིག་ལ་ཡིག་ཆ་མེད་པའི་དཀའ་ངལ་སོགས་ཀྱི་སྐོར་ཤུགས་ཆེ་ཞུས་གནང་ཡོད། གཞན་ཡངའཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་ཞུས་གནང་ཡོད།
ལྕམ་སྐུ་ཁི་རི་སི་ཊིན་ཞི་ར་ནར་བྷུར་ཇེ་ནར་ལགས་ལ་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་བའི་ཉམས་མྱོང་ཡོད་པ་མ་ཟད། ཁོང་ནི་རྒྱལ་སྤྱིའི་ཁྲིམས་ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་ཡིན། ཉེ་ཆར་ཁོང་གིས་འབར་མའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་གནང་མྱོང་ཡོད་ལ། ཁོང་ནི་སུད་སི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གྲོས་མོལ་གནང་སྐབས་ཀྱི་གྲས་སུ་ཡང་ཡོད།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ལྕམ་སྐུ་ཁི་རི་སི་ཊིན་ཞི་ར་ནར་བྷུར་ཇེ་ནར་ལགས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དཔེ་དེབ་ཅིག་ཕུལ་གནང་ཡོད་པ་བཅས།།