༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༥ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ནི་ཁོལ་སུ་(Nicole Su) ལགས་དང་ཕྱག་རོགས་ཧོང་ཧྲིལ་ཡི་ (Shih-yi Huang) ལགས་ཀྱིས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ལ་ཉིན་གུང་གསོལ་ཚིགས་གོ་སྒྲིག་གནང་ཡོད་པ་དང་། ཉིན་གུང་གི་གསོལ་ཚིགས་སྐབས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ནི་ཁོལ་སུ་ལགས་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་རང་གི་རྒྱལ་མཚམས་ལས་བརྒལ་ཏེ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ནང་གནོན་ཤུགས་སྤྲོད་བཞིན་པའི་སྐོར། ལྷག་པར་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ཐའེ་ཝན་དུ་གཟིགས་སྐོར་ཕེབས་པར་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་གནོན་ཤུགས་ཤུགས་ཆེ་སྤྲད་ཡོད་པ་སོགས་ཀྱི་སྐོར་གླེང་སློང་གནང་ཡོད།
གཞན་ཡང་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་སྟེང་རང་དབང་དང་མང་གཙོ་གོང་མཐོར་གཏོང་ཐབས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོ་གོང་མཐོར་བཏང་དང་གཏོང་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད།ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ནི་ཁོལ་སུ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་ལམ་ལུགས་ཚགས་ཚུད་ངང་ལག་བསྟར་གནང་ཐུབ་ཡོད་པ་མ་ཟད། བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་དང་གནང་བཞིན་པར་རྗེས་སུ་ཡི་རང་གནང་ཡོད། ནི་ཁོལ་སུ་ལགས་ཀྱིས་ཊུ་ཝི་ཊར་བརྒྱུད་བོད་དང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་དུ་འགྲོ་བཞིན་པར་ཐུགས་འཚབ་དང་རང་དབང་ལ་དགའ་མཁན་རྣམས་མཉམ་རུབ་ཀྱིས་རང་དབང་དང་མང་གཙོ་སྲུང་སྐྱོབ་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ནི་ཁོལ་སུ་ལགས་ཀྱིས་ཕྱོགས་གཉིས་ཀྱི་ཐུང་མོང་གི་ཁེ་ཕན་ཆེད་མ་འོངས་པར་མུ་མཐུད་མཉམ་འབྲེལ་གྱིས་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་ཡོད།
ནི་ཁོལ་སུ་ལགས་ཀྱིས་ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་ཁྱབ་ཁོངས་ཤར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ལས་དོན་ཚན་པའི་སྤྱི་ཁྱབ་ངེས་སྟོན་པའི་ཐུགས་འགན་བཞེས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་ཇི་ནི་ཝར་རྟེན་གཞི་བྱས་པའི་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པའི་ཐུགས་འགན་བཞེས་གནང་ཡོད་པ་བཅས།།