༄༅། །སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཐེངས་དང་པོ་ཕྱི་ལོ་༢༠༢༢ ཟླ་ ༨ ཚེས་ ༧ ཉིན་ནས་དབུ་བཙུགས་ཀྱིས་ཉིན་གྲངས་བཞིའི་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་རྒྱལ་ས་པི་རག་(Prague) ཏུ་གཞུང་འབྲེལ་འཚམས་གཟིགས་གནང་སྟེ་ཕྱི་ཚེས་ ༡༠ ཉིན་ལེགས་པར་མཇུག་སྒྲིལ་ཡོད། འཕྲིན་ལས་ཆོས་སྐྱིད་ལགས་དང་ལྷན་དོན་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ལྷན་བཅར་ཞུས་ཡོད།
ཐེངས་འདིའི་འཚམས་གཟིགས་སྐབས་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་གནད་ཡོད་ལས་བྱེད་མི་སྣ་དང་། གྲོས་ཚོགས་འཐུས་མི། ཚོགས་པ་ཁག་གི་སྐུ་ཚབ། ཉམས་ཞིབ་བསྟི་གནས་ཁང་གི་ཉམས་ཞིབ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་རྒྱལ་ས་པི་རག་ཏུ་ཡོད་པའི་བོད་རིགས་ཚོགས་པའི་སྐུ་ཚབ་རྣམ་པ་བཅས་དང་མཇལ་འཕྲད་ཞུས་ཡོད།དེ་ཡང་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་མར་ཊིན་ཌེ་ཝོ་རག་ (Martin Dvorak) མཆོག་དང་མཇལ་འཕྲད་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ནས་བོད་དོན་སླད་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད། སྐབས་དེར་སྐུ་ཞབས་མར་ཊིན་ཌེ་ཝོ་རག་མཆོག་གིས་བོད་དོན་ཆེད་དུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་སྣང་གནང་གི་ཡོད་པའི་སྐོར་གསུངས།
གཞན་ཡང་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་གཞོན་པ་སྐུ་ཞབས་ཨོན་ཌི་རེ་ཇི་(Ondrej Chrast) མཆོག་དང་མཇལ་འཕྲད་ཞུས་ཡོད། སྐུ་ཞབས་ཨོན་ཌི་རེ་ཇི་མཆོག་གིས་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་འདས་པོ་དམ་པ་སྐུ་ཞབས་ཝག་ལེབ་ཧ་བེལ་(Vaclav Havel) མཆོག་གི་དབར་དམིགས་བསལ་འབྲེལ་བ་གཏིང་ཟབ་བྱུང་བའི་སྐོར་དྲན་གསོ་གནང་བ་དང་འབྲེལ་བོད་དོན་སླད་དུ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་།དེ་རྗེས་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་ཟུར་པ་སྐུ་ཞབས་ཌེ་ནེལ་ཧར་མན་(Mgr. Daniel Herman) མཆོག་དང་མཇལ་འཕྲད་ཞུས་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷར་ཧྥལ་ཛེར་ (Jiri Oberfalzer) མཆོག་གིས་འཕྲིན་ལས་ཆོས་སྐྱིད་ལགས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་སྣེ་ལེན་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཇི་རི་ཨོ་བྷར་ཧྥལ་ཛེར་མཆོག་གིས་ཁོང་འདི་ལོའི་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོའི་སླད་དུ་བཞུགས་སྒར་རྡ་སར་ཕེབས་པའི་སྐབས་ཀྱི་ཉམས་མྱོང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁ་ཞུས་པའི་དགའ་ཚོར་སྐོར་དྲན་གསོ་གནང་བ་དང་འབྲེལ་འཕྲིན་ལས་ཆོས་སྐྱིད་ལགས་དང་ལྷན་དུ་ཟླ་འདིའི་ཟླ་མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་ཏུ་འཚམས་གཟིགས་གནང་འཆར་ཡོད་པའི་སྐོར་གྲོས་བསྡུར་གནང་ཡོད།འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པི་རེ་མེ་སལ་ར་བྷ་སི་ (Premysl Rabas) མཆོག་གིས་དབུས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་བཅས་དང་མཇལ་འཕྲད་ཞུས་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་མུ་མཐུད་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པི་རེ་མེ་སལ་ར་བྷ་སི་མཆོག་གིས་འཕྲིན་ལས་ཆོས་སྐྱིད་ལགས་གྲོས་ཚོགས་གོང་མའི་གྲོས་ཚོགས་ཁང་དུ་གཟིགས་སྐོར་ཁྲིད་གནང་ཡོད།འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཇི་ཊི་ཀ་ (Jitka Seitlová) མཆོག་དང་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་སླད་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་ཡོད། འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ཕྱི་སྲིད་སློབ་སྟོན་པ་སྐུ་ཞབས་ཛེ་ཌེ་ནེག་བྷེ་ར་ནེག་(Zdenek Beranek) ལགས་དང་གསར་འགོད་དྲུང་ཆེ་མར་ཊིན་ཆུ་ར་ཝེ་(Mgr.Martin Churavy) ལགས་དང་ལྷན་གྲོས་ཚོགས་འོག་མའི་ནང་མཇལ་འཕྲད་ཞུས་ཡོད་ལ། དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་དང་གུ་ཡངས་ཆབ་སྲིད་ཚོགས་པའི་ (Pirates Group) ཚོགས་གཙོ་ཇེ་ཀུབ་མ་ཡེ་ཀེ་ལེག་(Jakup Michalek) ལགས་དང་། རྒྱལ་ས་པི་རག་གི་གྲོས་ཚོགས་ཀྱི་ཚོགས་མི་མ་ཡེ་ཀེ་ལ་ཀ་རོ་སོ་ཝ་(Michaela Krausova) ལགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་མར་ཊིན་བྷུར་སིག་ (Martin Bursik) མཆོག་བཅས་དང་མཇལ་འཕྲད་ཞུས་ཡོད་པ་མ་ཟད། རྒྱལ་ས་པི་རག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ (Amnesty International) སྐུ་ཚབ་དང་། གྲགས་ཅན་ཉམས་ཞིབ་བསྟི་གནས་ཁང་གི་ངེས་སྟོན་པ་མར་ཊིན་ཧ་ལ་ (Dr. Martin Hala) ལགས་དང་ཕྱག་རོགས་ཌེ་ཝི་ཌི་གྷར་ཌ་སི་ (David Gardas) ལགས་བཅས་དང་མཇལ་འཕྲད་ཞུས་ཡོད་པ་བཅས།།