༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༨ ནས་འགོ་འཛུགས་ཏེ། ཉིན་ལྔའི་རིང་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ལ་དྭགས་སླེ་བྱང་གཉིས་ཀྱིས་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ས་གནས་འཐུས་ཚོགས་ཚགས་ཚུད་དང་། སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བཞིན་ཡོད། ཐེངས་འདིའི་ཟབ་སྦྱོང་ནང་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་དང་། ལ་དྭགས་སླེ་བྱང་གཉིས་ཀྱི་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ཁྱོན་མི་གྲངས་ ༣༥ མཉམ་ཞུགས་གནང་ཡོད་འདུག
དེ་ཡང་ཕྱི་ཚེས་ ༨ ཉིན་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་། དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། བོད་མིའི་འདུ་སྡོད་ས་གནས་ཁག་ལ་ས་གནས་འཐུས་ཚོགས་དགོས་རྒྱུ་གལ་གནད་ཆེན་པོར་གཟིགས་ནས་ས་གནས་འཐུས་ཚོགས་ཁག་བཙུགས་པ་ཞིག་ཡིན་སྐོར་གསུངས་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། ཟབ་སྦྱོང་གི་ལས་འཆར་དང་། དེའི་གལ་གནད་སྐོར་སོགས་ངོ་སྤྲོད་གནང་འདུག་པ་དང་།སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་འོག་གཏན་འབེབས་གནང་བའི་ཁྲིམས་དང་སྒྲིག་གཞི། དཔེར་ན། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། དེ་བཞིན་རྩིས་དང་འབྲེལ་བའི་སྒྲིག་གཞི་ཁག་གཞིར་བཟུང་ཚང་མས་ལག་ལེན་བསྟར་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། ས་གནས་འཐུས་ཚོགས་ནི་ས་གནས་འགོ་འཛིན་གྱི་ལས་དོན་བྱེད་ཕྱོགས་ཐོག་སྟངས་འཛིན་དང་ཞིབ་འཇུག་གནང་མཁན་གྱི་སྡེ་ཚན་ཞིག་ཆགས་ཀྱི་ཡོད་པ་དང་། གལ་ཏེ་ས་གནས་འཐུས་ཚོགས་ནས་རྩིས་ཀྱི་འགྲོ་སྟངས་དང་། སོ་སོའི་ལས་དོན་བྱེད་ཕྱོགས་ཐོག་གོ་རྟོགས་ཡག་པོ་བྱུང་ན། ས་གནས་འགོ་འཛིན་གྱི་ལས་དོན་བྱེད་ཕྱོགས་ཐད་ལའང་རང་བཞིན་གྱི་སྤུས་དག་ཏུ་དང་། ཚགས་ཚུད་དུ་འགྲོ་ཡི་ཡོད་པ་མ་ཟད། ས་གནས་འཐུས་ཚོགས་སྲ་བརྟན་ཡོང་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་འདུག མཐར་ལ་དྭགས་བསོད་ནམས་གླིང་གི་ས་འཐུས་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས་ལ་དྭགས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་འཐུས་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས་ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་འདུགཟབ་སྦྱོང་གི་ཉིན་དང་པོར། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་འདྲི་སྟངས་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདོན་ཕྱོགས། གྲོས་ཆོད་གྲོས་འཆར་འདོན་ཕྱོགས། ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན་འབུལ་ཕྱོགས་སྐོར་ཟབ་འཁྲིད་གནང་བ་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
ཟབ་སྦྱོང་གི་ཉིན་གཉིས་པར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང། ལོ་འཁོར་སྔོན་རྩིས། དངུས་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་འཁྲིད་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་། དེ་རྗེས་ཚོགས་བཅར་བ་རྣམས་ཆ་བགོས་ཀྱི་དམར་ཁྲིད་ལས་རིམ་ཀྱི་ཆེད་ཡིག་ཆ་གྲ་སྒྲིག་གནང་དགོས་ཁག་གནང་། ཟབ་སྦྱོང་གི་ཉིན་གསུམ་པར། ས་གནས་འཐུས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་དམར་ཁྲིད་ལས་རིམ་གྲ་སྒྲིག་གནང་ཡོད་འདུག་པ་བཅས། །