༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༠༣ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Core Group for Tibetan Cause- India) དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (All Party Indian Parliamentary Forum for Tibet) གཉིས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ཤུགས་ཆེ་རུ་ཇི་ལྟར་གཏོང་ཐབས་སུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་ཁང་དུ་ཚོགས་འདུ་ཚོགས་ཡོད།
དེ་ཡང་ཚོགས་འདུའི་ཐོག་མར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ (Shri R. K. Khrimey) ལགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ། དེ་བཞིན་ཚོགས་མི་གཞན་བཅས་ལ་ཕེབས་བསུའི་གསུང་བཤད་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།དེ་རྗེས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མཱར་ (Hon.Sujeet Kumar) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཕེལ་རིམ་དང་རྒྱབ་ལྗོངས་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོར་ཁོང་རང་ཉིད་བོད་ལ་ཕེབས་པ་དང་། རིམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཐེངས་གཉིས་ཙམ་ཞུས་པའི་ཉམས་མྱོང་སོགས་ཀྱི་སྐོར་གསུངས་ཡོད། གཞན་ཡང་ཁོང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ (Tibetan Rehabilitation Policy 2014) ཞེས་པའི་སྐོར་དང་། བོད་མཐོ་སྒང་གི་ཁོར་ཡུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཤུགས་ཆེ་རུ་གཏོང་ཐབས་དང་། བོད་དོན་ཆེད་དུ་དུས་ནས་དུས་སུ་ཚོགས་འདུ་ཚོགས་དགོས་པའི་སྐོར་གྲོས་བསྡུར་གནང་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་(Bharat Ratna) ཞེས་པ་འབུལ་དགོས་པའི་རེ་སྐུལ་ཞུ་དགོས་པའི་སྐོར་དགོངས་ཚུལ་གསུངས་ཡོད།ཕྱོགས་མཚུངས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ལ་འཚམས་གཟིགས་དང་། དེ་བཞིན་བོད་མིའི་མང་གཙོ་དུས་ཆེན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་ཆེན་སོགས་ཀྱིས་གཙོས་བོད་མིའི་དུས་ཆེན་སྲུང་བརྩི་གཞན་ཁག་ལ་ཕེབས་དགོས་པ་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད་ལ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་མུ་མཐུད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་དོན་སླད་དུ་རྒྱབ་སྐྱོར་གནང་རྒྱུ་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་ཡོད།
ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་གནང་མཁན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནི། ཨོ་ཌི་ཤཱ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇི་ཏ་ཀུ་མར་ (Hon.Sujeet Kumar) ལགས་དང་། བི་ཧཱར་ནས་ཡིན་པའི་སུ་ཤིལ་ཀུ་མར་(Sushil Kumar Modi) ལགས་དང་ཨ་ནེལ་(Aneel Hedge) ལགས། ཨུཏྟར་པྲདེཤ་ནས་ཡིན་པའི་ཨ་གར་ཝལ་(Rajendra Agrawal) ལགས་དང་ཨ་ཤོཀ་བྷ་ཇི་པ་ཡི་(Ashok Bajpai) ལགས། ཨཱནདྷྲ་པྲདེཤ་ནས་ཡིན་པའི་ཏ་པིར་གཱའོ་(Tapir Gao) ལགས། ཀརནཱ་ཊཀ་ནས་ཡིན་པའི་ལེ་ཧར་སིངྒ་(Lehar Singh Siroya) ལགས། འབྲས་ལྗོངས་ནས་ཡིན་པའི་ལ་ཆུང་པ་(Hissey Lachungpa) ལགས་དང་ཨིནྡྲ་སུ་བྷ་(Indra Hang Subba) ལགས། གོ་ཝཱ་ནས་ཡིན་པའི་ཝི་ནྱ་ཏན་དུལ་ཀར་(Vinay Tendulkar) ལགས་བཅས་ཡིན་ཞིང་།གཞན་ཡང་ཚོགས་འདུའི་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་ཀྱིས་གཙོས་ཚོགས་མི་གྲངས་༡༤ དང་། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ལས་ཚབ་བསྟན་འཛིན་འབྱོར་ལྡན་ལགས་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཆོས་ཉིད་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད་པ་བཅས།།