༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ཊོ་མོ་ཡཱ་ཨོ་བྷོ་ཀ་ཊ་ (Tomoya Obokata) ལགས་ཀྱིས། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ལྟར། བོད་ནང་དུའང་བོད་མི་རྣམས་ལ་བཙན་དབང་གིས་ངལ་རྩོལ་བྱེད་དུ་བཅུག་ཡོད་པའི་སྙན་ཐོ་བཏོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་སྒོ་ནས་ངལ་རྩོལ་བསྒྱུར་བཀོད་ཁང་གི་ལས་གཞི་སྤེལ་དང་སྤེལ་བཞིན་པའི་ཁྲོད་གཙོ་བོ་ཞིང་པ་དང་འབྲོག་པ། དེ་བཞིན་གྲོང་གསེབ་ཁག་གི་མི་ཡིན་པ་བརྗོད་འདུག
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ཊོ་མོ་ཡཱ་ཨོ་བྷོ་ཀ་ཊ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༢ ནས་ཕྱི་ཟླ་ ༡༠ ཚེས་ ༧ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་ ༥༡ པའི་སྟེང་ད་ལྟའི་དུས་ཀྱི་གྲངས་ཉུང་མི་རིགས་སྤྱི་དང་། ལྷག་པར་ཆོས་དད་དང་སྐད་ཡིག་གི་གྲངས་ཉུང་མི་རིགས་ཀྱི་བྲན་གཡོག་གི་རྣམ་པ་ཞེས་པའི་བརྗོད་གཞིའི་སྐོར་སྤྱན་བསྟར་འབུལ་རྒྱུ་ཡིན་ཞིང་། ཊོ་མོ་ཡཱ་ཨོ་བྷོ་ཀ་ཊ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་དབུལ་ཕོངས་ལས་གྲོལ་ཐབས་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་ལས་གཞིར་ཁ་གཡར་ནས་ཞིང་པ་དང་། འབྲོག་པ། དེ་བཞིན་གྲོང་གསེབ་ཁག་ཏུ་ལས་མི་རྣམས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་གཞིས་སྤོ་བྱེད་དུ་འཇུག་གི་ཡོད་པ་འགྲེལ་བརྗོད་གནང་ཡོད།
བོད་དང་རྒྱ་ནག་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ (Adrian Zenz) ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ཊོ་མོ་ཡཱ་ཨོ་བྷོ་ཀ་ཊ་ལགས་ཀྱིས་ཤར་ཏུར་ཀི་སི་ཐན་ཙམ་མ་ཟད། བོད་ནང་གི་གནས་སྟངས་ལའང་དོ་སྣང་གནང་སྟེ་སྙན་ཐོ་བཏོན་ཡོད་པ་དེ་ནི་ཧ་ཅང་གལ་ཆེན་པོ་དང་རྒྱལ་ཁ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྙན་ཐོ་དེར་དགའ་བསུ་ཞུས་པ་དང་འབྲེལ་བོད་ནང་གི་ངལ་རྩོལ་བསྒྱུར་བཀོད་ཁང་གི་ལས་གཞི་ལ་རང་དབང་གི་སྒོ་ནས་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྙན་ཐོ་དེའི་གལ་གནད་དང་འབྲེལ་བའི་སྐོར་གསུང་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ཊོ་མོ་ཡཱ་ཨོ་བྷོ་ཀ་ཊ་ལགས་ཀྱིས་དུས་ཐོག་བོད་ནང་གི་ངལ་རྩོལ་པའི་སྐོར་སྙན་ཐོ་བཏོན་པར་ང་ཚོ་ངོས་ནས་དགའ་བསུ་དང་། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ནང་གི་བོད་མི་རྣམས་མི་སེར་གྲལ་རིམ་གཉིས་པ་ལྟ་བུར་བརྩིས་ཏེ་དབྱེ་འབྱེད་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། ཅེས་དང་།
རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་སོག དེ་བཞིན་རྒྱ་ནག་གི་ས་ཁུལ་གཞན་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐད་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་ལྟར། ང་ཚོ་ངོས་ནས་ཀྱང་དེ་ལྟར་གནང་དགོས་པའི་འབོད་ཞུ་རྒྱུ་ཡིན། ཞེས་གསུངས།།