༄༅། །བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་བོད་ཀྱི་ཐེབས་རྩ་ཐུན་མོང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༡༡ ནས་ ༡༤ བར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་གྷར་རི་སོན་སྒོམ་སྒྲུབ་སྦྱོང་བརྡར་བསྟི་གནས་ཁང་ (Garrison Institute) དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་གཞོན་སྐྱེས་འགོ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ད་བར་ལོ་གཉིས་རིང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་གཞོན་སྐྱེས་འགོ་ཁྲིད་ཀྱི་ཟབ་སྦྱོང་ཚོགས་ཐུབ་མེད། ཐེངས་འདིའི་ཟབ་སྦྱོང་ཐོག་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གྲངས་ ༣༨ དང་མཐོ་འབྲིང་སློབ་གྲྭ་གྲངས་ ༡༥ ནས་སློབ་ཕྲུག་ ༨༠ ལྷག་མཉམ་ཞུགས་གནང་ཡོད།
དེ་ཡང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་ལས་གཞི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་དང་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཟབ་ཁྲིད་གནང་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨ་རིའི་བོད་པའི་གཞོན་སྐྱེས་རྣམས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཆེད་དུ་གྲུབ་འབྲས་ལྡན་པའི་སྒོ་ནས་ཞབས་འདེགས་ཇི་ལྟར་བསྒྲུབ་དགོས་པའི་གལ་གནད་སྐོར་ཟབ་ཁྲིད་གནང་། བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་ཏཱ་ལའི་བླ་མའི་སྒྲིག་འཛུགས་ (Dalai Lama Institution) ཀྱི་གལ་གནད་སྐོར་ཟབ་ཁྲིད་གནང་ཡོད།བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་པའི་གཞོན་སྐྱེས་ཚོའི་དབར་འབྲེལ་བ་འཇོག་སྟངས་དང་། བོད་པའི་གཞོན་སྐྱེས་ཆེད་ལས་པ་རྣམས་ཀྱིས་བོད་དོན་སླད་དོན་ཕན་ལྡན་པའི་ལས་འགུལ་སྤེལ་ཐབས་སྐོར་ཟབ་ཁྲིད་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གཙུག་ལག་སློབ་གཉེར་ཁང་དང་སློབ་གྲྭ་ཁག་ཏུ་འགྲིམ་བཞིན་པའི་རྒྱ་རིགས་སློབ་མ་དང་། དེ་བཞིན་རྒྱ་རིགས་སྤྱི་ལ་འབྲེལ་བ་གནང་སྟངས་སྐོར་ཟབ་ཁྲིད་གནང་ཡོད།
ཟབ་སྦྱོང་སྐབས་ཚོགས་བཅར་བ་ཡོངས་ནས་གོ་བསྡུར་སྦྱངས་བཤད་དང་། མ་འོངས་འཆར་གཞི་ཁག་ཚགས་ཚུད་ཡོང་ཆེད་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གསུངས་ཡོད་ལ། ལྷག་པར་མཉམ་ཞུགས་པ་དང་ཕ་མ་རྣམས་ཀྱིས་ཁ་གཅིག་གྲག་གིས་མ་འོངས་པར་གྷར་རི་སོན་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་སྦྱོང་བརྡར་བསྟི་གནས་ཁང་དུ་ལོ་ལྟར་ཐེངས་འདིའི་ཟབ་སྦྱོང་ནང་ལྟར་གོ་སྒྲིག་གནང་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་དང་བཅས།།