༄༅། །ཕྱི་ལོ་༢༠༢༢ ཟླ་ ༨ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱི་གོ་སྒྲིག་འོག་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་རྒྱལ་ས་པི་རག་ (Prague) ཏུ་ཉིན་གྲངས་གཅིག་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་ཐབས་ཇུས་སྐོར་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་སྐལ་བཟང་རྒྱལ་མཚན་ལགས་དང་། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་བསམ་གཏན་ལགས་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མི་ཆབ་སྲིད་དྲུང་ཆེ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བཀའ་དྲུང་ཡིག་ཚང་གི་དྲུང་འཕར་བློ་བཟང་ཆོས་གྲགས་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་རྣམ་རྒྱལ་ཚེ་དབང་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་བཅས་དྲ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད།ཚོགས་འདུའི་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་ (Martin Bursik) མཆོག་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་བསམ་མཛོད་བསྟི་གནས་ཁང་གི་ངེས་སྟོན་པ་མར་ཊིན་ཧཱ་ལ་ (Martin Hala) ལགས། ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་ངེས་སྟོན་པ་ཇ་ཀུབ་ཀི་ལེ་པལ་ (Jakup Klepal) ལགས། ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་གུན་ཐར་ཁོ་ལོག་ནཱ་ (Gunther Cologna) ལགས། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ (Vincent Metten) ལགས་བཅས་ཀྱིས་ཡུ་རོབ་ཐབས་ཇུས་སྐོར་གསུང་བཤད་གནང་ཡོད།
ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། ཡུ་རོབ་ཀྱི་ཡུལ་བབས་སྲིད་བྱུས་འཛིན་སྟངས་སྐོར་ཤེས་རྟོགས་དང་། བོད་དོན་ཆེད་དུ་ཡུ་རོབ་ལ་ཕྱོགས་གཉིས་དང་ཕྱོགས་དུ་མའི་སྡིངས་ཆ་བརྒྱུད་ནས་འབྲེལ་བ་ཞུ་ཕྱོགས། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་ནས་བོད་དོན་སླད་གོ་སྐབས་དང་གདོང་ལེན་ངོས་འཛིན་ཞུ་ཕྱོགས་སོགས་ལ་དམིགས་ཏེ་ཚོགས་འདུ་ཚོགས་ཡོད་པ་བཅས།།