༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཙམ་ལ་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ (Shri. Kishan Kapoor) མཆོག ཀངྒ་རའི་རྫོང་དཔོན་མཆོག་དང་སྐོར་སྲུང་སྤྱི་ཁྱབ་པ། ཁྲལ་བསྡུའི་ལས་བྱེད། གྲོང་སྡེའི་སྤྱི་ཁྱབ་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ་སོགས་ལྷན་འཛོམས་ཐོག་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༧༥ ཧྲིལ་པོ་འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་སོང་།དེ་ཡང་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་རྒྱ་གར་རྒྱལ་ཡོངས་ནས་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༧༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་སྟབས། བཞུགས་སྒར་རྡ་སར་གནས་སྡོད་བོད་མིའི་ངོས་ནས་ཀྱང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་དོན་དུ་དེ་རིང་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༧༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད།དུས་དྲན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ (Shri. Kishan Kapoor) མཆོག་གིས་དབུས་པའི་རྒྱ་གར་གྱི་སྐུ་མགྲོན་གཞན་ཁག་གཅིག་ཕེབས་ཡོད། གོ་སྐབས་འདི་བརྒྱུད་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་དབུས་གཞུང་དང་། མངའ་སྡེ་གཞུང་། མི་མང་། ཡུལ་མི་བཅས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་མ་འོངས་པར་བོད་མི་ཚོ་ལའང་རང་དབང་འཐོབ་ཆེད་སྨོན་འདུན་ཞུ་རྒྱུ་ཡིན།རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༧༥ རིང་རྒྱ་གར་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། རྒྱ་གར་གྱི་རང་བཙན་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་རྒྱ་གར་བ་ཡོངས་ལ་ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་པ་ཚོས་ཀྱང་བོད་མིའི་རང་དབང་གི་དོན་དུ་རང་སྲོག་བློས་བཏང་གནང་བ་དེའི་འབྲས་བུ་ཏན་ཏན་སྨིན་གྱི་རེད། ངས་ཧིན་སྐད་ཐོག་གཏམ་བཤད་བྱས་མ་མྱོང་། ཐེངས་གཅིག་གཉིས་ཧིན་སྐད་ཐོག་གཏམ་བཤད་བྱས་པ་དེ་ཡིག་ཐོག་སྒྲོགས་སྦྱང་བྱས་པ་ཡིན། ཕྲན་རང་རྒྱ་གར་ལྷོ་ཕྱོགས་སུ་སྐྱེས་པ་ཡིན་པས་རྒྱ་གར་ལྷོ་ཕྱོགས་ཀྱི་སྐད་ཕྲན་བུ་ཤེས་ཀྱི་ཡོད། དེ་རིང་ནི་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༧༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད། ང་རང་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་བཅུ་དགུ་རྗེས་རྒྱ་གར་ནང་སྐྱེས་པ་ཞིག་ཡིན་སྟབས་བོད་དངོས་སུ་མཐོང་མ་མྱོང་། དེར་བརྟེན་རྒྱ་གར་ནི་ཕ་ཡུལ་ལྟ་བུར་རྩི་བཞིན་ཡོད། ཅེས་གསུངས།།
གསར་གནས།
འབྲེལ་གནས།