༄༅།།འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གྲངས་གཉིས་རིང་གི་བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གནས་བབས་དང་མ་འོངས་ལམ་སྟོན་ཞེས་པའི་མཁས་པའི་བགྲོ་གླེང་དེ་བཞིན་ལེགས་པར་མཇུག་སྒྲིལ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་ཆོས་རིག་དྲུང་ཆེ་དང་དྲུང་འཕར་གྱིས་གཙོས་ཚོགས་བཅར་བ་མཁས་དབང་རྣམ་པ་ལྷན་འཛོམས་ཐོག་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་གལ་ཆེ་དོན་ཆེར་རྩིས་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ལ་བགྲོ་གླེང་གི་དྲན་རྟེན་ཕྱག་རྟགས་དང་ཐུགས་རྗེ་ལེགས་འབུལ་ཕུལ་ཡོད། དེ་རྗེས་ཚོགས་འདུ་ཉིན་དང་པོའི་དགོངས་འཆར་དང་ཚོགས་ཆུང་གཉིས་ཀྱི་དགོངས་འཆར་འཕར་མ་ཇི་བྱུང་ཁག་སྒྲོགས་སྦྱང་ཞུས་གྲུབ་བསྟུན། ཆོས་རིག་དྲུང་འཕར་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་ཡོད།སྤྱིར་ཉིན་གྲངས་གཉིས་རིང་གི་མཁས་པའི་བགྲོ་གླེང་འདི་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་ལས་འཆར་བཟོ་སྒྲིག་གི་ལས་གཞིའི་ཆ་ཤས་ཤིག་ཆགས་ཡོད། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གི་གནས་བབས་དང་། བོད་མིའི་སྤྱི་ཚོགས་ཁྲོད་རིག་གཞུང་ལ་དོ་སྣང་དང་གོ་རྟོགས།གདེང་སྦོབས། ཆེ་མཐོང་ཇི་འདྲ་ཡོད་པ་ཤེས་ཐབས། དེ་དང་འབྲེལ་བའི་ཐོག་མ་འོངས་ལས་འཆར་ཁག་ཀྱང་ནུས་པ་དང་ལྡན་པ་ཞིག་ཡོང་ཐབས་དང་། ལྷག་པར་གཞོན་སྐྱེས་ཚོའི་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་རིག་གཞུང་ཐོག་དོ་དབྱིངས་དང་། གོ་རྟོགས་ཡག་པོ་ཞིག་སྤྲོད་ཐབས་སུ་མ་འོངས་རིག་གཞུང་དང་འབྲེལ་བའི་ལས་འཆར་ཁག་ཀྱང་དུས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་ཡོང་ཐབས་སླད་ཡིན།ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ནང་བོད་ཀྱི་རྩ་ཆེའི་རིག་གཞུང་ཐོག་ལོ་མང་ཞབས་ཞུ་སྒྲུབ་མྱོང་མཁན་མཁས་མྱོང་ལྡན་པའི་མི་སྣ་ ༢༣ ནས་ཕྱི་ཟླ་ ༨ ཚེས་ ༡༠ ནས་ ༡༡ བར་ཉིན་གྲངས་གཉིས་ཀྱི་རིང་བགྲོ་གླེང་གི་བརྗོད་གཞི། བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གནས་བབས་དང་མ་འོངས་ལམ་སྟོན། ཞེས་པའི་ཐོག་ཚོགས་བཅར་བ་ཡོངས་ནས་སྐར་མ་ ༡༥ ཙམ་རིང་གསུང་བཤད་གནང་ཡོད་པ་དང་། ཉིན་གཉིས་པར་ཚོགས་བཅར་བ་རྣམས་ཚོགས་ཆུང་གཉིས་སུ་ཆ་བགོས་ཀྱིས་གོང་གི་བརྗོད་གཞི་དང་འབྲེལ་བའི་ཐོག་དགོངས་འཆར་འཕར་མ་དང་བགྲོ་གླེང་ལྷུག་པོ་གནང་ཡོད། དགོངས་འཆར་ཁོངས་སུ་གཙོ་ཆེ་ཤོས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པར་རིག་གཞུང་དང་འབྲེལ་བའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། རིག་གཞུང་ཐོག་ཡུན་རིང་ཕྱག་ལས་གནང་མྱོང་མཁན་རྣམས་ལ་སྤྱི་ཚོགས་ནང་ཆེ་མཐོང་དང་ངོས་འཛིན་གནང་གལ། གཞོན་སྐྱེས་སྒྱུ་རྩལ་བ་ཚོའི་ནུས་པ་གོང་མཐོར་དང་བོད་ཀྱི་སྒྱུ་རྩལ་རིག་གནས་བརྒྱུད་སྤྲོད་ཐུབ་ཐབས་གནང་གལ། གཞན་ཡང་བྱིས་པ་འཚར་ལོངས་སྐབས་རིག་གཞུང་གི་བག་ཆགས་འཇོག་ཐབས་བྱ་རྒྱུའི་གལ་གནད་སོགས་ཀྱི་སྐོར་དགོངས་འཆར་ལྷུག་པོ་བྱུང་ཡོད་པ་བཅས།།