༄༅། །རྒྱ་གར་རང་བཙན་ཉིན་མོའི་དུས་ཆེན་སྲུང་བརྩི་དང་བསྟུན་ལ་ཧུལ་དང་སྤྱི་ཏི་ཁུལ་གྱི་ས་གནས་གོ་སྒྲིག་ཚོགས་ཆུང་གིས་མགྲོན་འབོད་གནང་བ་ལྟར། བོད་ཀྱི་ཟློས་གར་ཚོགས་པའི་གཞས་སྣ་འཁྲབ་སྟོན་པ་གྲངས་ ༣༥ ཡིས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༨ ནས་ ༢༡ བར་ཧི་མཱ་ཅལ་མངའ་སྡེའི་ལ་ཧུལ་དང་སྤྱི་ཏི་ཁུལ་གྱི་ཀེ་ལུང་ (Keylong) དང་ཀཱ་ཛ་ (Kaza) ཡུལ་གྱི་དབྱར་ཁའི་ཚོང་འདུས་དུས་ཆེན་སྲུང་བརྩི་སྐབས་ས་གནས་ཀྱི་རྗོང་དཔོན་སྐུ་ཞབས་ཨ་བྷི་ཤེཀ་ཝར་མ་ (Sh. Abhishek Verma) ལགས་དང་། ས་གནས་ཀྱི་རྫོང་དཔོན་གཞོན་པ་གུན་ཇིཏ་སིངྒ་ (Sh. Gunjeet Singh Cheema, SDM) ལགས། རྒྱ་གར་དབུས་སའི་གྲོས་ཚོགས་འཐུས་མི་དང་ལས་བྱེད། ས་གནས་ཀྱི་དཔོན་རིགས། དེ་བཞིན་མི་མང་གྲངས་༣༠༠༠ ལྷག་ལ་བོད་ཀྱི་སྲོལ་རྒྱུན་གཞས་སྣ་དང་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་ཡོད།དེ་ཡང་ཚོང་འདུས་དུས་སྟོན་ (LaDharcha festival) ཞེས་པ་སྲུང་བརྩིའི་མཇུག་སྡོམ་ཉིན་མོར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་ཤེས་ཡོན་དང་གདོད་མའི་མི་རིགས་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་རཱམ་ལལ་མར་ཀན་ཌ་ (Dr. Ram Lal Markanda) མཆོག་ཕེབས་ཡོད་པ་དང་། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་དང་ཕྱག་རོགས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བློན་ཆེན་སྐུ་ཞབས་རམ་ལལ་མར་ཀན་ཌ་མཆོག་ལ་རྔོན་པའི་འབག་དང་། རྗོང་དཔོན་སྐུ་ཞབས་ཨ་བྷི་ཤེཀ་ཝར་མ་ལགས་དང་། རྫོང་དཔོན་གཞོན་པ་གུན་ཇིཏ་སིངྒ་ལགས་རྣམ་གཉིས་ནས་ཡུལ་མི་དང་བོད་མི་དབར་འཆམ་མཐུན་དང་འབྲེལ་བ་གཏིང་ཟབ་ཡོང་སླད་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ་དང་། དེ་བཞིན་མི་མང་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།
བོད་ཀྱི་ཟློས་གར་ཚོགས་པས་ཧི་མཱ་ཅལ་མངའ་སྡེའི་ལ་ཧུལ་དང་སྤྱི་ཏི་ཁུལ་དུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བ།
གསར་གནས།
འབྲེལ་གནས།