༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༣ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་དྷ་སའི་ཉེ་འདབས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་ཡོད། ཚོགས་འདུ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་རིང་འཚོག་གི་ཡོད།
ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས་དང་། དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཟུང་དྲུང་བསྟན་འཛིན་བདེ་ལྡན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་བཅས་ཕེབས་ཡོད།
དེ་ཡང་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པས་དགའ་བསུའི་གཏམ་བཤད་དང་ཚོགས་འདུའི་ངོ་སྤྲོད་གནང་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། རྣམ་པ་ཚོའི་ནང་ནས་མང་དག་ཅིག་ལོ་མང་རིང་ཉམས་ཞིབ་གནང་བའི་ཉམས་མྱོང་ཡོད་མཁན་ཡིན་གྱི་རེད། དེ་བཞིན་ཁག་གཅིག་གིས་གསར་དུ་ཉམས་ཞིབ་གནང་བཞིན་ཡོད་སྟབས། སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་བརྗོད་གཞི་འདྲ་མིན་སྣ་ཚོགས་ཐོག་ཉམས་ཞིབ་གནང་རྒྱུ་ཡོད་ནའང་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་ཏེ་ང་ཚོ་བཙན་བྱོལ་དུ་གྱར་དགོས་བྱུང་ཡོད་པར་བརྟེན་ཉམས་ཞིབ་གཙོ་བོ་དེ་བོད་ཀྱི་རྩ་དོན་འཇོག་དགོས་རྒྱུ་གནད་འགག་ཆེན་པོ་རེད་བསམ་གྱི་འདུགརྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གང་ཅིའི་ཐད་འཁྱོག་བཤད་བྱེད་བཞིན་ཡོད། རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་ལ་མིན་པར་གྲོང་ཁྱེར་ཆུང་ཁག་ནང་སིམ་འཛུལ་བྱས་ནས་བོད་ཀྱི་ལོ་རྒྱུས་དང་ཁོར་ཡུག སྐད་ཡིག་ཐོག་འཁྱོག་བཤད་བྱས་སྟབས། མི་མང་དག་ཅིག་གིས་སྣང་བ་དག་ནས་ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་ངོ་མ་ཡིན་པར་ངོས་འཛིན་བྱེད་པའི་གནས་སྟངས་ཆགས་ཀྱི་འདུག ཉམས་ཞིབ་པ་རྣམས་ནས་སོ་སོའི་དོ་དབྱིངས་དང་སློབ་སྦྱོང་གི་རྒྱབ་ལྗོངས་ལ་བརྟེན་ནས་བརྗོད་གཞི་འདྲ་མིན་ཐོག་ཉམས་ཞིབ་གནང་བཞིན་ཡོད་ནའང་གོང་དུ་ཞུས་པ་བཞིན་གཙོ་བོ་དེ་བོད་ཀྱི་རྩ་དོན་འཇོག་དགོས་ཀྱི་རེད་བསམ་གྱི་འདུག རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་ཐོག་འཁྱོག་བཤད་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད། འོན་ཀྱང་ང་ཚོར་བདེན་པ་ཡོད་སྟབས་དངོས་ཡོད་གང་ཡིན་པ་དེའི་ཐོག་ཉམས་ཞིབ་གནང་དགོས། ཉིན་གྲངས་གསུམ་རིང་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་དང་གོ་བསྡུར་སྦྱངས་བཤད་གནང་རྒྱུ་རེད་འདུག ཉིན་གྲངས་གསུམ་རིང་གི་བགྲོ་གླེང་ཚོགས་འདུ་འདི་ཉིད་ལམ་ལྷོང་དང་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།མཐར་སྐུ་མགྲོན་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་སྙིང་དོན་གཏམ་བཤད་གནང་ཡོད། དེ་ཡང་ཁོང་གིས་སྤྱིར་བཏང་དེང་གི་ཉམས་ཞིབ་ཐབས་ལམ་ཐོག་དོ་སྣང་གནང་དགོས་ཀྱང་། བོད་ཀྱི་སྲོལ་རྒྱུན་ཉམས་ཞིབ་ཐབས་ལམ་ཐོག་ལ་ཕྱིར་མིག་ངེས་པར་དུ་བལྟ་དགོས་པ་དང་། ཚོགས་འདུའི་ནང་བགྲོ་གླེང་གནང་སྐབས་གུ་ཡངས་པོའི་ཐོག་ནས་གནང་དགོས་པ་སོགས་གསུངས།
མཛད་སྒོའི་མཐའ་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཟུང་དྲུང་བསྟན་འཛིན་བདེ་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་གསུངས་ཏེ་ཚོགས་འདུའི་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ།
ཉིན་གསུམ་གྱི་ཚོགས་འདུའི་ནང་གཏམ་བཤད་པ་ ༢༤ དང་། མཉམ་ཞུགས་པ་བོད་རིགས་གཙུག་ལག་རབ་འབྱམས་པ་ ༡༧ དང་། འབུམ་རམས་པའི་སློབ་མ་ ༦ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་པ་ ༦ བཅས་ཡོད། གཏམ་བཤད་པ་རྣམ་པས་ཆོས་དང་། རྒྱལ་རབས་ལོ་རྒྱུས། ཆབ་སྲིད། ཁོར་ཡུག སྨན་སོགས་ཀྱི་ཐོག་ལ་ཚོགས་ཐུན་ཁག་ཏུ་དཔྱད་རྩོམ་གཞིར་བཞག་གཏམ་བཤད་གནང་རྒྱུ་དང་། མཐར་བགྲོ་གླེང་གི་ཚུལ་དུ་དྲི་བ་དྲིས་ལན་གྱི་དུས་ཚོད་ཀྱང་ཡོད།
སྤྱིར་ཉམས་ཞིབ་པའི་ཚོགས་འདུ་ནང་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་ནང་བོད་རིགས་སློབ་མ་འབུམ་རམས་པ་དང་། ཉེ་བའི་འབུམ་རམས་པ། གཙུག་ལག་རབ་འབྱམས་པ། དེ་བཞིན་ཉམས་ཞིབ་བསྟི་གནས་ཁང་འདྲ་མིན་ནང་ཉམས་ཞིབ་གནང་བཞིན་པ་རྣམས་ནས་སོ་སོའི་སློབ་ཚན་དང་འབྲེལ་བའི་བརྗོད་གཞིའི་ཐོག བོད་ཀྱི་ཆབ་སྲིད་དང་། རིག་གཞུང་། མི་རིགས། ཆོས་འབྱུང་དང་རྒྱལ་རབས་ལོ་རྒྱུས། ཁོར་ཡུག་སོགས་དང་། ལྷག་པར་བོད་ནང་རྒྱ་ནག་གི་སྲིད་བྱུས་དང་འབྲེལ་བའི་གཏམ་བཤད་དང་དཔྱད་རྩོམ་སྤེལ་གྱི་ཡོད། །