༄༅། །བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཕ་རཱན་སིའི་རྒྱལ་ས་པེ་རི་སིའི་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་མཆོད་རྟེན་ཚོགས་པས་ (Khanh-Anh Pagoda) མགྲོན་འབོད་གནང་བ་ལྟར། ཝི་ཡཏ་ནཱམ་གྱི་ནང་པའི་དུས་ཆེན་ (Vu Lan festival) སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ཀྱང་ཕེབས་ཡོད། ཝི་ཡཏ་ནཱམ་གྱི་ནང་པའི་དུས་ཆེན་དེ་ནི། བུ་རབས་ཚ་རྒྱུད་རྣམས་ཀྱིས་རང་གི་མེས་པོ་རྣམས་ལ་བརྩི་བཀུར་དང་དྲིན་གཟོ་བའི་དུས་ཆེན་ཡིན་ཞིང་། དུས་ཆེན་དེ་ནི་ཝི་ཡཏ་ནཱམ་གྱི་ནང་པའི་ལོ་འཁོར་དུས་ཆེན་གལ་ཆེ་ཤོས་ཨང་གཉིས་པ་ཆགས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༢ ཉིན་ཝི་ཡཏ་ནཱམ་གྱི་མཆོད་རྟེན་ (Khanh-Anh Pagoda) ཞེས་པ་དབུ་འབྱེད་མཛད་ཡོད། སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༧དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཀྱང་ཝི་ཡཏ་ནཱམ་གྱི་མཆོད་རྟེན་ (Khanh-Anh Pagoda) ཞེས་པའི་གནས་སུ་ཕེབས་ཡོད།
བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཝི་ཡཏ་ནཱམ་གྱི་འདས་པོ་རྣམས་དང་། ཡང་སྒོས་ཝི་ཡཏ་ནཱམ་གྱི་མཆོད་རྟེན་ (Khanh-Anh Pagoda) ཞེས་པ་གསར་བཞེངས་གནང་མཁན་འདས་པོ་དམ་པ་ཐིག་མིན་ཊམ་ (Thich Minh Tâm) ལགས་བཅས་ལ་རྗེས་དྲན་ཞུས་གནང་ཡོད་པ་བཅས། །