༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིགས་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༩ ནས་ ༡༢ བར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ཕྱི་ལོ་ ༢༠༢༢ ལོའི་སྐབས་ལྔ་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་གོ་སྒྲིག་གནང་ཡོད།
འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི། བོད་རིགས་ན་གཞོན་སློབ་ཕྲུག་ཚོར་ཚན་རིག་དང་ཨང་རྩིས། ཁོར་ཡུག་བཅས་ཀྱི་སྐོར་གོ་རྟོགས་རྒྱ་སྐྱེད་སྤེལ་ཐབས་དང་། ལྷག་པར་སློབ་ཕྲུག་ཚོས་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སྒྱུ་རྩལ་གྱི་ནུས་པ་ཡར་རྒྱས་གོང་མཐོར་ཇི་ལྟར་གཏོང་དགོས་པའི་སྐོར་དང་། འབྱུང་འགྱུར་རྒྱལ་ཡོངས་ཚན་རྩིས་འགྲེམས་སྟོན་ལས་རིམ་ནང་མཉམ་ཞུགས་གནང་ཐུབ་ཐབས་བཅས་ལ་དམིགས་པ་ཞིག་ཡིན།འགྲེམས་སྟོན་གྱི་རྣམ་གྲངས་ཁྱོམ་བསྡོམས་ ༢༤ ཡོད། སློབ་ཕྲུག་གི་སྐུ་ཚབ་རེ་ནས་འགྲེམས་སྟོན་གྱི་རྣམ་གྲངས་རེ་འགྲེམས་སྟོན་གནང་ཡོད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་གྲངས་བརྒྱད་དང་དགོན་པའི་སློབ་གྲྭའི་དགེ་རྒན་བཅས་ནས་འགྲེམས་སྟོན་གནང་མཁན་རྣམས་ལ་གཞོགས་འདེགས་གནང་ཡོད། འདི་ལོའི་འགྲེམས་སྟོན་གྱི་བརྗོད་གཞི་ནི། འཕྲུལ་རིག་དང་རྩེད་ཆས་ཡིན་ཞིང་། ཐེངས་འདིའི་འགྲེམས་སྟོན་ནང་ཀ་སྦུག་སམ་བྷོ་ཊ་གཏན་སློབ་དང་། ཨོ་རི་ས་སམ་བྷོ་ཊ་གཏན་སློབ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། ཧུན་སུར་སམ་བྷོ་ཊ་གཏན་སློབ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། ཌོ་ལན་ཇི་བོན་གཞིས་སམ་བྷོ་ཊ་སློབ་གྲྭ། མོན་གྷོ་སམ་བྷོ་ཊ་གཏན་སློབ། འབྲས་སྤུངས་བློ་གསལ་གླིང་སློབ་གྲྭ་དང་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་བཅས་ཀྱི་སྐུ་ཚབ་རྣམས་མཉམ་ཞུགས་གནང་ཡོད།དེ་ཡང་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་སྙན་གྲགས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་དྲུང་ལས་རྡོ་རྗེ་དབང་འདུས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྐབས་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་གྱི་དམིགས་ཡུལ་དང་འཕེལ་རིམ་ལོ་རྒྱུས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་ཀྱིས་ཚན་རིག་ཤེས་ཡོན་གྱི་གལ་གནད་དང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་གནད་དོན་སྐོར་གསུང་བཤད་གནང་ཡོད།འགྲེམས་སྟོན་གྱི་ཆ་ཤས་སུ་རྒྱ་གར་གྱི་ཚན་རིག་ཤེས་ཡོན་བསྟི་གནས་ཁང་ཁག་གི་སྐོར་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་པ་དང་། བགྲོ་གླེང་ཚོགས་འདུའི་ཐོག་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་ངེས་སྟོན་པ་བསྟན་འཛིན་པ་སངས་ལགས་དང་། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་གཞི་རིམ་གོང་མའི་སྐྱེ་དངོས་རིག་པའི་དགེ་རྒན་འཆི་མེད་ཚེ་བརྟན་ལགས། དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་བཅས་ནས་གསུང་བཤད་གནང་ཡོད།
གོང་ཚེས་ཉིན་གྱི་ཉིན་རྒྱབ་གཟུ་དཔང་རྣམ་པས་འགྲེམས་སྟོན་རེ་རེར་རྟོག་ཞིབ་གནང་སྟེ་འགྲེམས་སྟོན་ཕུལ་བྱུང་བརྒྱད་འདེམས་སྒྲུག་གནང་ཡོད་པ་དང་། འདེམས་སྒྲུག་གནང་བའི་འགྲེམས་སྟོན་ཕུལ་བྱུང་བརྒྱད་འདི་ལོའི་ལོ་མཇུག་ཏུ་ཚོགས་གཏན་ཁེལ་བའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནཱེཧ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ཐེངས་ ༤༩ པའི་ (༢༠༢༢ –JNNSMEE) ནང་ཚུད་སླད་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་དང་ཉམས་ཞིབ་སྦྱོང་བརྡར་བསྟི་གནས་ཁང་ (NCERT) ལ་གཏང་གནང་རྒྱུ་ཡིན།གཞན་ཡང་མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱིས་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་སློབ་ཕྲུག་དང་ས་གནས་མང་ཚོགས་ལ་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་གནང་ཡོད་པ་དང་། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་མ་དང་ས་གནས་ཀྱི་དགོན་པའི་སློབ་གྲྭ་ཁག་གི་དགེ་འདུན་པ་རྣམས་འགྲེམས་སྟོན་ལ་གཟིགས་སྐོར་ཕེབས་ཡོད། ཕྱི་ཚེས་ ༡༡ ཉིན་འགྲེམས་སྟོན་གནང་མཁན་གྱི་སློབ་ཕྲུག་རྣམས་ཀྱིས་སོ་སོའི་སློབ་གྲྭའི་འགྲེམས་སྟོན་རྣམས་ས་གནས་མང་ཚོགས་ལ་བསྟན་གནང་ཡོད།
མཐར་ཤེས་རིག་ལས་ཁུངས་ཀྱི་དེང་སྲོལ་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འགྲེམས་སྟོན་གནང་མཁན་ཡོངས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་འཁྱེར་རེ་གནང་སྟེ་ཉིན་གྲངས་བཞི་རིང་གི་ཕྱི་ལོ་ ༢༠༢༢ ལོའི་སྐབས་ལྔ་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།