༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༣༠ ནས་ཟླ་ ༠༨ ཚེས་ ༠༡ བར་ཕ་རཱན་སིའི་རྒྱལ་ས་པེ་རི་སིར་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༢༩ ཉིན་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། ཕ་རཱན་སིའི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས། ཕ་རཱན་སི་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ས་གནས་ཀྱི་བོད་རིགས་བརྒྱ་ཕྲག་བརྒལ་བ་བཅས་ནས་དཔལ་ས་སྐྱ་པའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་པེ་རི་སིའི་བྱང་ཕྱོགས་ཀྱི་མེ་འཁོར་འབབ་ཚུགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་བཞིན་གོང་ཚེས་ཉིན་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། ཕ་རཱན་སིའི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས། ཕ་རཱན་སི་བོད་རིགས་ཚོགས་པའི་ཚོགས་གཞོན། ས་སྐྱ་བརྩེ་ཆེན་ཚོགས་པའི་ཚོགས་གཙོ་བཅས་ནས་ཕ་རཱན་སིའི་ཅཱར་ལེ་སི་ཌེ་གུ་ལེ་ (Charles de Gaulle) གནམ་ཐང་ནས་དཔལ་ས་སྐྱའི་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་ཡང་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པའི་ཚོགས་མགོན་དུ་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག དཔལ་ས་སྐྱ་པའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག དཔལ་ས་སྐྱའི་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་བཅས་ཕེབས་གནང་ཡོད།
ཐེངས་འདིར་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་ཚོགས་སྐབས་ཡུ་རོབ་ཁུལ་གྱི་དད་ལྡན་སེར་སྐྱ་མང་ཚོགས་ལྔ་སྟོང་ལྷག་བཅར་ཡོད་པ་དང་། ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པའི་མཇུག་སྡོམ་ཉིན་མོར་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་སྐུ་ཚེ་ཡུན་རིང་བརྟན་སླད་བརྟན་བཞུགས་ཕུལ་ཡོད། སྨོན་ལམ་ཉིན་མཐའ་མའི་ཉིན་རྒྱབ་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཚེ་དབང་གནང་གྲུབ་རྗེས་དད་ལྡན་སེར་སྐྱ་མང་ཚོགས་ལ་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་བོད་དོན་བདེན་མཐའ་གསལ་སླད་བོད་མི་རྣམས་ཀྱིས་མཉམ་རུབ་ཀྱིས་འབད་བརྩོན་གནང་དགོས་པའི་གལ་གནད་སྐོར་བཀའ་སློབ་གནང་ཡོད།
སྤྱིར་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་སྐུའི་འཁྲུངས་སྐར་ཕྱི་ཟླ་ ༠༩ ཚེས་ ༠༧ ཉིན་འཁེལ་གྱི་ཡོད་ཀྱང་གོ་སྒྲིག་པས་སྔ་སྣུར་གྱིས་ཕྱི་ཟླ་ ༠༨ ཚེས་ ༠༢ ཉིན་གྱི་སྔ་དྲོར་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཚེ་དབང་དང་འཁྲུངས་སྐར་གྱི་མཛད་རིམ་ནང་མཉམ་ཞུགས་གནང་ཡོད་པ་བཅས།།