༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་དང་མཉམ་འབྲེལ་སྡེ་ཚན་གྱི་གོ་སྒྲིག་འོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་མཉམ་འབྲེལ་དང་བཟོ་ཚོགས་ཁག་གི་རྩིས་པ་རྣམས་ལ་རྩིས་དང་འབྲེལ་བའི་ཟབ་སྦྱོང་ཞིག་བསྐོང་ཚོགས་གནང་བའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཨརྱ་པདྨ་དགྲ་འདུལ་ལགས་དང་། ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས། དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས། དྲུང་འཕར་བསྟན་འཛིན་ནོར་བུ་ལགས། ཟུང་དྲུང་ཚེ་རིང་རྡོ་རྗེ་ལགས། དེ་བཞིན་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་རྩིས་པ་དང་བཟོ་ཚོགས་ཁག་དྲུག་གི་རྩིས་པ་གྲངས་ ༢༥ བཅས་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༣ ནས་ ༢༦ བར་ཉིན་གྲངས་བཞི་རིང་འཚོག་གི་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་དབུ་དབྱེད་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཨརྱ་པདྨ་དགྲ་འདུལ་ལགས་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་འབྲེལ་ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་བཏང་རྗེས་བོད་བསྟན་སྲིད་དང་མི་རིགས་དོན་དུ་དུས་མིན་རྐྱེན་ལམ་དུ་སོང་བ་དང་རང་ལུས་མེར་སྲེག་བཏང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་གྲུབ་མཚམས་ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས་ཀྱིས་གསུང་བཤད་གནང་དོན། ཐོག་མར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཨརྱ་པདྨ་དགྲ་འདུལ་ལགས་དང་། ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་རྣམ་གཉིས། སོ་ནམ་དང་མཉམ་འབྲེལ་སྡེ་ཚན་གྱི་འགན་འཛིན། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཉམ་འབྲེལ་ཁག་བཅོ་ལྔའི་རྩིས་པ་རྣམ་པ་དང་། བཟོ་ཚོགས་ཁག་དྲུག་གི་རྩིས་པ་རྣམ་པ། དབུས་བོད་ཀྱི་སྨན་རྩིས་ཁང་གི་རྩིས་པ་རྣམ་པ་བཅས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་རིང་འདིར་ཟབ་སྦྱོང་ཚོགས་དགོས་པའི་དགོས་དམིགས་གཙོ་བོ་ནི། བོད་མིའི་མཉམ་འབྲེལ་དང་བཟོ་ཚོགས་ཁག་རྒྱ་གར་དབུས་ས་གཉིས་སུ་དེབ་སྐྱེལ་ཞུས་ཡོད། དེབ་སྐྱེལ་ཞུས་པ་བཞིན་རྩིས་ཁྲ་གཙང་མ་ཡོང་སླད་ནང་སྲིད་ལས་ཁུངས་ནས་དུས་ཚོད་མང་པོ་བཏང་སྟེ་དེ་རིང་འདིར་རྣམ་པ་ཚོར་ཟབ་སྦྱོང་གོ་སྒྲིག་གནང་ཐུབ་ཡོད། བོད་མིའི་མཉམ་འབྲེལ་དང་བཟོ་ཚོགས་ཁག་གི་རྩིས་གཙང་མ་ཡོང་བར་གཙོ་བོ་རྩིས་པ་རྣམས་ལ་རག་ལས་ཡོད། དེར་བརྟེན་རྩིས་པ་རྣམ་པས་འགན་འཁུར་རྒྱ་ཆེན་པོ་གནང་དགོས་པ་ཧ་ཅ་གལ་ཆེན་པོ་ཆགས་ཡོད། ལྷག་པར་རྣམ་པ་ཚོས་རྒྱ་གར་གཞུང་གི་ཁྲིམས་དཔེར་ན་དངོས་ཟོག་ཞབས་ཞུའི་ཁྲལ་དང་འབབ་ཁྲལ། ཁྲལ་སྡུད། མཉམ་འབྲེལ་གྱི་རྩིས་ཁྲ་སོགས་ཀྱི་ཁྲིམས་སྐོར་ཐུགས་སྣང་གནང་དགོས་པ་དང་། དེ་བཞིན་རྩིས་ཁྲམ་ (Tally) དུས་ཐོག་གནང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།དེ་ནས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཨརྱ་པདྨ་དགྲ་འདུལ་ལགས་ཀྱིས། རྩིས་པ་རྣམ་པས་རྩིས་པའི་འགན་དབང་སྐོར་ལྟ་ཞིབ་གནང་དགོས་པའི་གལ་གནད་དང་། རྒྱ་གར་གཞུང་གི་ཁྲིམས་དང་ཁྲལ་སྡུད་ཀྱི་ལས་རིམ་འགྲོ་སྟངས། དེ་བཞིན་རྒྱ་གར་གྱི་ས་གནས་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་ཁྲིམས་དང་སྒྲིག་གཞིའི་འགྲོ་ལུགས་འགྲོ་སྟངས་བཅས་ལ་ཐུགས་སྣང་དང་། རྩིས་ཞིབ་སྙན་ཐོ་གཙང་མ་ཞིག་ཡོང་ཐབས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། མཐར་ནང་སྲིད་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་འབྲེལ་དབུ་འབྱེད་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།