༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༢ ནས་ ༡༤ བར་དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ལ་སུད་སི་དང་ལིག་ཊིན་སི་ཊེན་བརྩེ་ཆེན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སུད་སིར་ཕེབས་འབྱོར་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཕེབས་བསུར་བཅར་ཡོད།
དེ་ཡང་ཕྱི་ཚེས་ ༡༣ ཉིན་དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་སངས་རྒྱས་འོད་དཔག་མེད་ཀྱི་ཚེ་དབང་གནང་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས། སུད་སི་དང་ལིག་ཊིན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས། དེ་བཞིན་སུད་སི་དང་ལིག་ཊིན་སི་ཊེན་ཁུལ་གྱི་དད་ལྡན་མང་ཚོགས་ ༢༥༠༠ ལྷག་བཅར་ཡོད། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་བཅས།།